ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འོས་སྦྱོར་ལེ་ཚན།

སྐབས་དེ་དུས་ལོ་རྒྱུས་ཀྱི་ཁ་ལོ་འདི་ལྟར་བསྒྱུར་གནང་འདུག

2019-10-05 16:51:00     责编:sangjzm

ང་ཚོ་ལམ་ཆེན་ཐོག་བསྐྱོད་ཅེས་པའི་ལེའུ་བརྒྱད་པ༼ སྐབས་དེ་དུས་ལོ་རྒྱུས་ཀྱི་ཁ་ལོ་འདི་ལྟར་བསྒྱུར་གནང་འདུག༽

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་་བརྙེས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུ་ཆེད། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ང་ཚོ་ལམ་ཆེན་ཐོག་བསྐྱོད་ཅེས་པའི་ལེའུ24ཡོད་པའི་ཚད་ལྡན་ཡིག་ཆའི་ཆེད་སྒྲིག་ལེ་ཚན་ཆེ་གྲས་ཞིག་བཀོད་སྒྲིག་ཞུས་ཡོད། དེ་རིང་ལེའུ་བརྒྱད་པ༼ སྐབས་དེ་དུས་ལོ་རྒྱུས་ཀྱི་ཁ་ལོ་འདི་ལྟར་བསྒྱུར་གནང་འདུག ༽ཞེས་འཁོད་པ་དེ་ཞུ་རྒྱུ་ཡིན།

སྤྱི་ལོ1976ལོ་ནི་ཀྲུང་གོའི་འབྲུག་ལོ་ཡིན་ལ་ཀྲུང་གོ་བའི་ངོས་ནས་བཤད་ན་བག་ཆགས་ཟབ་ཤོས་ཀྱི་ལོ་ཞིག་ཀྱང་རེད།

ལོ་དེའི་སྤྱི་ཟླ10ཚེས6ཉིན། ཏང་ཀྲུང་དབྱང་གིས་འཕྲལ་ཐག་ཆོད་པོས་བྱ་ཐབས་བཟུང་ནས་མི་བཞི་ཤོག་ཁག་ཐལ་བའི་རྡུལ་དུ་བརླགས་ཏེ། ལོ་བཅུའི་ཟིང་འཚུབ་མཇུག་འགྲིལ་བ་དང་། རྒྱལ་ཡོངས་གོང་འོག་ཚང་མས་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་སྟོན་རྟེན་འབྲེལ་ཞུས་པ་དང་། ཚང་མ་དགའ་སྤྲོ་ཚད་མེད་ཀྱི་གནས་སུ་རོལ་ཡོད།

སྤྱི་ལོ1977ལོའི་ཟླ7པར། ཀྲུང་གུང་སྐབས་བཅུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་སྐོང་འཚོགས་བྱས་པ་དང་། དགུང་ལོ73ལ་ཕེབས་པའི་བློ་མཐུན་ཏེང་ཞའོ་ཕིང་སླར་ཡང་ཕྱག་ལས་གནང་བར་ཕེབས་ཡོད།

【ཏེང་ཞའོ་ཕིང་གི་སྒྲ་ཕབ】 ང་རང་ལས་ཀ་བྱེད་དུ་ཡོང་བར་གདམ་ག་གཉིས་ཡོད། གཅིག་ནི་དཔོན་པོ་བྱ་རྒྱུ་དང་། གཅིག་ནི་ལས་དོན་ཕྲན་བུ་བསྒྲུབ་རྒྱུ་དེ་ཡིན། ངའི་བསམ་པར་གུང་ཁྲན་ཏང་ཡོན་ཞིག་ཡིན་པ་དང་། ཏང་ནང་ཞུགས་ཕྱིན་དཔོན་པོ་བྱེད་མི་ཉན་པ་དང་། སྒེར་སེམས་སྣ་ཚོགས་ཡོད་མི་ཉན་པ། གདམ་ག་གཞན་དག་ཡོད་མི་ཉན་པ་བཅས་ཡིན་དགོས་པར་སྙམ་གྱི་ཡོད།

【ཏེང་ཞའོ་ཕིང་རྐང་རྩེད་སྤོ་ལོའི་གདན་ཞུའི་འགྲན་སྡུར་གཟིགས་པར་ཕེབས་པ】སྤྱི་ལོ1977ལོའི་ཟླ7ཚེས30ཉིན། ཏེང་ཞའོ་ཕིང་པེ་ཅིན་བཟོ་པའི་ལུས་རྩལ་ཐང་དུ་རྐང་རྩེད་སྤོ་ལོའི་འགྲན་སྡུར་གཟིགས་པར་ཕེབས་ཡོད། ལྗར་པན་ཐུན་མོང་གསར་འགྱུར་ཁང་གི་གསར་འགོད་པས་གསར་འགྱུར་སྤེལ་བའི་ནང་། གཟིགས་མོ་བ་ཁྲི་ཕྲག་གིས་འགྲན་སྡུར་ལ་མི་ལྟ་བར་སྐད་ཅིག་ཉིད་ཚང་མ་ཡར་ལངས་ནས་ཁོང་ལ་སྤྲོ་སེམས་རབ་ཏུ་འཁོལ་བའི་དགའ་བསུ་ཞུས་ཡོད་ཅེས་འཁོད་ཡོད།

སླར་ཡང་ཕྱག་ལས་གནང་བར་ཕེབས་མ་ཐག་པའི་ཏེང་ཞའོ་ཕིང་གིས་རང་འགུལ་ངང་ཚན་རྩལ་དང་སློབ་གསོའི་ལས་དོན་ལས་བགོས་འགན་གཉེར་གནང་རྒྱུའི་རེ་བ་བཏོན་གནང་ནས། ཚན་རྩལ་དང་སློབ་གསོ་དེ་འགག་གཏོར་བྱེད་ས་ཞིག་ལ་བརྩིས་ནས་ཟིང་བཅོས་ཡོ་བསྲང་གནང་ཡོད།

སྤྱི་ལོ1977ལོའི་ཟླ8ཚེས4ཉིན། བློ་མཐུན་ཏེང་ཞའོ་ཕིང་གིས་ཚན་རིག་དང་སློབ་གསོའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་སྐོང་འཚོགས་གནང་བ་དང་། ཤེས་ཡོན་ཅན་ཁག་ཅིག་གིས་མཐོ་རྒྱུགས་སླར་གསོ་བྱེད་དགོས་པའི་རེ་བ་དྲག་པོ་བཏོན་པར་ཏེང་ཞའོ་ཕིང་གིས་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་ཡོད། དེ་ལྟར་ལོ་བཅུ་གཅིག་ཙམ་བར་མཚམས་ཆད་པའི་མཐོ་རིམ་སློབ་གྲྭའི་སློབ་བསྡུའི་ལམ་ལུགས་སླར་གསོ་བྱུང་ཞིང་། མི་ས་ཡ5དང4འབུམ་ལྷག་གིས་རྒྱུགས་ལེན་ནང་མིང་ཐོ་བཀོད་པ་དང་། ཡིག་རྒྱུགས་ནང་ཞུགས་མཁན་སློབ་མ་ཉིས་འབུམ་བདུན་ཁྲི་ལྷག་བསྡུ་ལེན་བྱས་ཡོད། མཐོ་རྒྱུགས་ཀྱིས་ཁོང་ཚོའི་མི་ཚེའི་ལས་དབང་ལ་འགྱུར་བ་བཏང་ཡོད།

【གླུ་གཞས】རྒྱུས་མངའ་ཆེ་བའི་སློབ་གྲྭའི་རྐང་ལམ་ཕྲ་མོ་བརྒྱུད། ང་རང་ཞོགས་པ་ ཤིང་སྡོང་འོག་ཏུ་དཔེ་དེབ་ལྟ་བར་འོངས། ཞོགས་པའི་ཉི་འོད་ང་རང་ལ་འཕྲོས་དང་ཆབས་ཅིག་ཏུ་འགྲམ་གྱི་ཤིང་སྡོང་དེ་ལའང་འཕྲོས།

དེ་ནས་བཟུང་། སློབ་གྲྭའི་ནང་དང་། ཤིང་སྡོང་འོག་ཏུ་སླར་ཡང་དཔེ་དེབ་ཀློག་པའི་སྒྲ་ལྷང་ལྷང་ཏུ་གྲགས་འགོ་ཚུགས་ཡོད།

མཐོ་རྒྱུགས་སླར་གསོ་བྱུང་བས་ན་གཞོན་ཚོའི་སློབ་སྦྱོང་ལ་དགའ་ཞེན་དང་། ཚན་རིག་ལ་བརྩི་མཐོང་བྱེད་པའི་སྤྲོ་སེམས་ལ་སྐུལ་སློང་ཤུགས་ཆེན་བྱུང་ཡོད།

སྤྱི་ལོ1978ལོའི་ཟླ3པར། རྒྱལ་ཡོངས་ཀྱི་ཚན་རིག་ཚོགས་ཆེན་པེ་ཅིན་དུ་སྐོང་འཚོགས་བྱས་ཤིང་། དེ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དུ་སྐོང་འཚོགས་བྱས་པའི་རྒྱལ་ཡོངས་ཀྱི་ཚན་རིག་ཚོགས་ཆེན་དང་པོ་དེ་ཡིན། ཏེང་ཞའོ་ཕིང་གིས།

【ཏེང་ཞའོ་ཕིང་གི་སྒྲ་ཕབ】དེང་རབས་ཅན་བཞི་མངོན་འགྱུར་བྱེད་པའི་འགག་རྩ་ནི་ཚན་རིག་ལག་རྩལ་དེང་རབས་ཅན་ལ་འགྱུར་བ་བྱ་རྒྱུ་དེ་ཡིན། དེང་རབས་ཚན་རིག་ལག་རྩལ་གོང་འཕེལ་བྱུང་བ་ཡིས་ཚན་རིག་དང་ཐོན་སྐྱེད་ཀྱི་འབྲེལ་བ་ཉིན་རེ་ལས་ཉིན་རེ་ཇེ་ཟབ་ཏུ་འགྲོ་བཞིན་ཡོད་ཅེས་གསུངས།

དཔྱིད་ཀྱི་དཔལ་ཡོན་བཞད་རུང་ད་དུང་གྲང་ངར་རྦད་དེ་འཇགས་མེད། ལོ་རྒྱུས་ཀྱི་འཁོར་ལོ་ཆེན་པོ་རྟག་ཏུ་གོམས་ཤུགས་ཀྱིས་སྐུལ་བའི་འོག་མུ་མཐུད་འདས་སོང་གི་བགྲོད་ལམ་ཐོག་འཁོར་སྐྱོད་བྱེད་སྲིད། ཡིན་ཕྱིན་གཉིས་ཞེས་པ་བཏོན་པ་ཡིས་མི་རྣམས་ཀྱི་བསམ་བློར་འཆིང་རྒྱ་དམ་པོ་བཟོས་ཡོད།

སྤྱི་ལོ1978ལོའི་ཟླ5ཚེས11ཉིན། འོད་སྣང་ཉིན་རེའི་ཚགས་པར་ཐོག་འགོ་བརྗོད་དུ་ལག་ལེན་ནི་བདེན་དོན་ཞིབ་བཤེར་བྱེད་པའི་ཚད་གཞི་ཉག་ཅིག་དེ་ཡིན་ཞེས་འཁོད་པའི་རྩོམ་ཡིག་ཅིག་སྤེལ་བར་ལས་བྱེད་པ་དང་མང་ཚོགས་ཁྲོད་དུ་ལན་ཆ་ཆེན་པོ་བྱུང་བ་དང་། རྒྱལ་ཡོངས་རང་བཞིན་གྱི་བདེན་དོན་ཚད་གཞིའི་སྐོར་གྱི་གྲོས་སྡུར་ཆེན་པོ་ཞིག་བསླངས་ཡོད།

ཡིན་མིན་ཆེན་པོའི་གནད་དོན་གྱི་མདུན་དུ་ཏེང་ཞའོ་ཕིང་གིས་སླར་ཡང་དར་ཆ་གསལ་སྟོན་སྒོ་ནས། ད་ཆ་གནད་དོན་ཞིག་ཐོན་ཡོད། ལག་ལེན་ནི་བདེན་དོན་ཞིབ་བཤེར་བྱེད་པའི་ཚད་གཞི་ཡིན་པ་དེ་ཡང་གནད་དོན་ལ་གྱུར་ཡོད། དངོས་གནས་ཁྱད་མཚར་པོ་རེད་ཅེས་གསུངས་ཞིང་། དེ་ནས་ཏེང་ཞའོ་ཕིང་གིས་བྱ་སྤྱོད་སྤེལ་འགོ་བརྩམས་གནང་ནས། གྲོས་བསྡུར་ཆེན་པོ་དེར་རྒྱབ་སྐྱོར་ཆེན་པོ་གནང་བ་མ་ཟད་ཁྲིད་སྟོན་གནང་ཡོད།

བསམ་བློ་བཅིངས་འགྲོལ་གྱི་ཆུ་སྒོ་ཕྱེས་པའི་སྐབས་སུ་ཆུ་འགོ་བརྡོལ་ནས་ཆུ་རྒྱུན་དྲག་ཏུ་རྒྱུག་པ་ལྟར། བདེན་དོན་གྱི་ཚད་གཞིའི་སྐོར་གྱི་་གྲོས་སྡུར་ཆེན་པོ་དེས་དུས་ཡུན་རིང་གི་གཡོན་གྱི་བསམ་བློའི་འཆིང་རྒྱ་གཏོར་བ་དང་། ཁྱབ་ཁོངས་ཁག་གི་ཟིང་བཅོས་ཡོ་བསྲང་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད།

སྤྱི་ལོ1978ལོའི་ཟླ12ཚེས18ཉིན། རླབས་ཆེན་གྱི་ལོ་རྒྱུས་དོན་སྙིང་ལྡན་པའི་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་སྐོང་འཚོགས་བྱས། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཐོག་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གཙོ་གནད་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱ་རྒྱུའི་ཐོག་སྒྱུར་རྒྱུའི་ཐབས་ཇུས་བཀོད་ཇུས་བཟོས་པ་དང་། ཡིན་ཕྱིན་གཉིས་ཀྱི་ནོར་འཁྲུལ་བྱེད་ཕྱོགས་ལ་སྐྱོན་བརྗོད་བྱས་པ། ངེས་པར་དུ་ཆ་ཚང་བ་དང་གནད་ལ་འཁེལ་བའི་སྒོ་ནས་མའོ་ཙེ་ཏུང་དགོངས་པའི་ཚན་རིག་མ་ལག་ཁོང་དུ་ཆུད་པ་བྱ་རྒྱུ་ཁས་ལེན་གང་ལེགས་བྱས་པ། བདེན་དོན་ཚད་གཞིའི་གནད་དོན་སྐོར་གྱི་གྲོས་སྡུར་ལ་ཚད་མཐོའི་གདེང་འཇོག་བྱེད་པ་བཅས་བྱས་ནས། མར་ཁེ་སི་རིང་ལུགས་ཀྱི་བསམ་བློའི་ལམ་ཕྱོགས་དང་། ཆབ་སྲིད་ལམ་ཕྱོགས། རྩ་འཛུགས་ལམ་ཕྱོགས་བཅས་སླར་ཡང་གཏན་འཁེལ་བྱས་ཡོད། དེ་ནས་བཟུང་རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེའི་ཡོལ་བ་དངོས་སུ་ཕྱེས་ཤིང་། དེ་ཡང་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་འགྲོ་ལམ་གསར་གཏོད་བྱེད་པའི་འགོ་འཛུགས་སར་གྱུར་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ལྟ་སྐུལ། ཚེ་དགའ།
ཞུ་དག མིག་དམར་རྒྱལ་པོ།
ཡིག་སྒྱུར། སྐྱིད་པོ།

中央广播电视总台 央广网 版权所有