▶ཟོན་ཐར་རྒྱལ་གསེར་གྱི་འགྲོན་བུ་འཐུ་བར་འགྲོ་མཁན་རེད་འདུག ༼སྒྲ།༽
སྤེལ་བའི་དུས་ཚོད། : 2019-08-24 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཟླ8པའི་ཚེས22ཉིན། བོད་རིགས་གློག་བརྙན་འཁྲབ་འཁྲིད་པ་ཟོན་ཐར་རྒྱལ་གྱི༼ལྷ་མོ་དང་སྐལ་བྷེ་༽ཞེས་པའི་གློག་བརྙན་དེ་སི་ཕེན་རྒྱལ་ཁབ་ཀྱི་ཧྲིན་སེ་པ་སེ་ཏེ་ཨན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་དྲུག་ཅུ་རེ་བདུན་པའི་གཙོ་འགྲན་སྡེ་ཚན་གྱི་ཁོངས་སུ་ཚུད་པ་དང་། ཨ་རིའི་འཁྲབ་འཁྲིད་པ་ཀྲན་མུ་སེ•ཧྥུ་ལན་ཁེ་སིའི་༼གློག་བརྙན་གྲོང་དུ་རྨི་ལམ་ཆད་༽ཅེས་པ་དང་། ཧྥ་རན་སིའི་འཁྲབ་འཁྲིད་པ་གྲགས་ཅན་ཅིད་ཞའོ་མུ•ཉི་ཁེ་ལུའི་གློག་བརྙན་༼ཟུར་སྣོན་དངོས་པོ་༽ཞེས་པ་སོགས་དང་ལྷན་དུ་གསེར་གྱི་འགྲོན་བུའི་བྱ་དགའ་ཞེས་པ་དེ་སུ་ཐོབ་འགྲན་རྩོད་བྱ་རྒྱུ་རེད།

ཟོན་ཐར་རྒྱལ་གྱིས་འཁྲབ་འཁྲིད་བྱས་པའི་གློག་བརྙན་གསར་པ་དེ་འཁྲབ་སྟོན་པ་བསོད་ནམས་ཉི་མ་དང་། བདེ་སྐྱིད། སྲས་མཆོག་རྒྱལ་བཅས་ཀྱིས་གཙོ་འཁྲབ་བྱས་པ་དང་། གློག་བརྙན་ནང་དུ་ལྷ་མོ་དང་སྐལ་བྷེ་གཉིས་ཀྱིས་གཉེན་སྒྲིག་ལག་ཁྱེར་བདེ་བླག་ངང་ལེན་མ་ཐུབ་པའི་གནས་ཚུལ་ནས་འགོ་བཙུགས་ཏེ་ཁོང་གཉིས་བར་གྱི་འགལ་འདུ་སྣ་ཚོགས་ཀྱིས་ཁེངས་པའི་གནས་ཚུལ་བརྗོད་ཡོད་པ་མ་ཟད།གློག་བརྙན་དེ་ནི་སྐྱེས་པ་ཞིག་དང་བུད་མེད་ཅིག་གི་བརྩེ་དུང་གཏམ་རྒྱུད་བརྗོད་པ་ཙམ་མ་ཡིན་པར་དེའི་ནང་འཕྲོས་དོན་གཏིང་ཟབ་མང་པོ་བརྗོད་ཡོད།

གློག་བརྙན་༼ལྷ་མོ་དང་སྐལ་བྷེ༽ཞེས་པ་དེ2015ལོར་ཤང་ཀང་ཡ་གླིང་གློག་བརྙན་མ་འཇོག་ཚོགས་པHAFཞེས་པའི་ནང་ཚུད་པ་དང་། 2018ལོར་ཕིང་ཡའོ་རྒྱལ་སྤྱིའི་གློག་བརྙན་འགྲེམ་སྟོན་གོང་འཕེལ་ཁྲོད་ཀྱི་གློག་བརྙན་འཆར་གཞི་ཞེས་པའི་ནང་གློག་བརྙན་རྩེ་གྲའི་གྲས་སུ་བདམས་ཡོད་པ་རེད།

སི་ཕེན་རྒྱལ་ཁབ་ཀྱི་ཧྲིན་སེ་པ་སི་ཏེ་ཨན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ནི་རྒྱལ་སྤྱིའི་རིམ་པ་དང་པོའི་གློག་བརྙན་དུས་སྟོན་གྱི་གྲས་ཤིག་ཡིན། 1953ལོར་གསར་སྒྲུབ་མཛད་པ་ནས་ལོ་རེའི་ཟླ9པར་དུས་སྟོན་བྱེད་སྒོ་སྤེལ་བཞིན་ཡོད། དེ་ནི་འཛམ་གླིང་ཐོག་ལོ་རྒྱུས་ཀྱི་ཡུན་རིང་ཤོས་ལྡན་པའི་གློག་བརྙན་དུས་སྟོན་གྱི་གྲས་ཤིག་ཡིན་པ་རེད།

གློག་བརྙན་དུས་སྟོན་གྱི་སྔ་གཞུག་ཏེ། ཟླ9པའི་ཚེས20ནས་ཚེས28བར་གློག་བརྙན༼ལྷ་མོ་དང་སྐལ་བྷེ༽ཞེས་པ་དེ་འཛམ་གླིང་ཡོངས་ལ་གཟིགས་འབུལ་ཐོག་མ་བྱ་རྒྱུ་ཡིན་པ་མ་ཟད། ད་ལོའི་གཙོ་འགྲན་སྡེ་ཚན་གྱི་གསེར་གྱི་འགྲོན་བུ་བྱ་དགའི་འགྲན་རྩོད་ནང་ཞུགས་རྒྱུ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ལྟ་སྐུལ། ཚེ་དགའ།
རྩོམ་སྒྲིག་འགན་འཁུར་བ། མིག་དམར་རྒྱལ་པོ།
གསར་འགོད་པ། མཁའ་སྤྱོད་དབང་མོ།