རྩེད་ཆས་འདིས་མི་ལ་མི་གནོད་ཟེར་བ་རྫུན་རེད། ཕ་མ་ཚོས་གཟིགས་རོགས།
སྤེལ་བའི་དུས་ཚོད། : 2019-08-16 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

   རིན་གོང་སྒོར་50~100ཡིན་པའི་རྩེད་ཆས་ཆུ་མདེལ་མེ་མདའ་དེ་དྲ་ཐོག་ཚོང་ཁང་ནས་ཕྱིར་འཚོང་བྱེད་ཚད་ཟླ་རེར་ཁྲི་བཅུ་རེ་ཟིན་ཡོད་པ་དང་། ཚོང་མཁན་གྱིས“མདེའུ་དེ་རྡེག་ཐེངས་གཅིག་ལ་ཆག་གྲུམ་ཐེབས་པ་དང་། མི་ལ་མི་གནོད”ཅེས་བཤད་ཀྱི་ཡོད་མོད། འོན་ཀྱང་ཉིང་པོ་ཡི་ལོ་7ལ་སོན་པའི་བྱིས་པ་ཞའོ་ཚུང་(དངོས་མིང་མིན)གི་མིག་ལ་ཆུ་མདེལ་མདེའུ་དེ་རིགས་ཕོག་ནས་རྨས་སྐྱོན་བཟོས་པ་མ་ཟད། ཅུང་ཙམ་མིན་ན་མིག་ཞར་བ་རེད།

ཟླ་8ཚེས་14ཉིན་ཞའོ་ཚུང་གིས་ཀྲེ་ཅང་ཞིང་ཆེན་མིག་ནད་ཚན་ཁག་སྨན་ཁང(ཝུན་ཀྲོའུ་གསོ་རིག་ཚན་རིག་སློབ་ཆེན་གྱི་ཞོར་གཏོགས་མིག་མཐོང་འོད་སྨན་ཁང)གི་ཧང་ཀྲོའུ་སྨན་ཁང་ཁུལ་དུ་གཤགས་བཅོས་དང་ལེན་བྱས་པ་རེད། སྨན་པས“ནད་པའི་མིག་གཡོན་པའི་མདུན་དུ(མིག་སྐྱིའི་རྒྱབ་ཕྱོགས་དང་འཇའ་སྐྱི་དང་བདར་དབྱིབས་གཟུགས་བར་གྱི་ཁོག་སྟོང་)ཁྲག་བསགས་པ་ཚབས་ཆེ་བ་དང་། གཤགས་བཅོས་ལས་ཁྲག་ལེན་ཐུབ་ཡོད་པ་དང་། མིག་སྐྱི་ཅུང་རྙོག་པ་མཐོང་ཐུབ”ཅེས་བཤད་འདུག གཤགས་བཅོས་བྱས་རྗེས་མིག་གཡོན་པའི་མཐོང་ཚད་ཅུང་ལེགས་སུ་ཕྱིན་ཡོད་མོད། ཡིན་ནའང་རྒྱུན་ལྡན་ལྟར་སླར་གསོ་ཐུབ་མིན་ད་དུང་བརྟག་དཔྱད་བྱེད་དགོས་ཀྱི་ཡོད།

ཉིན་ཤས་གོང་ཞའོ་ཚུང་གིས་མ་སྤུན་ཕུ་བོ་དང་མཉམ་དུ་ཆུའི་མདེལ་མེ་མདའ་རྩེད་སྐབས་མདེའུ་མིག་གཡོན་པར་ཕོག་པས་ན་ཟུག་གིས་བཟོད་དཀའ་བར་གྱུར། དེ་ནས་མིག་གཡོན་པས་དངོས་པོ་མཐོང་མི་ཐུབ་པར་གྱུར་པས་ནང་མི་ཚོས་སྨན་ཁང་དུ་བསྐྱལ་བ་རེད། སྨན་པས་གསར་འགོད་པར་ནད་པའི་མིག་གཡོན་པའི་མིག་ཤེད་ཧ་ཅང་ཞན་པ་དང་། འོད་ཚོར་གང་ཡང་མེད་པ་དང་། མིག་རིལ་རྟུལ་པོར་གྱུར་འདུག མདུན་ཁང་དུ་ཁྲག་འཁྱིལ་ཚབས་ཆེན་ཕོག་ཡོད་ཅེས་བཤད་ཡོད་པ་རེད།

ཉིན་ཁ་ཤས་ལ་སྨན་བཅོས་བྱས་པ་བརྒྱུད་ཞའོ་ཚུང་གི་མིག་གཡོན་པར་ཁྲག་གསོག་པ་དང་མིག་གནོན་ཆེ་རུ་ཕྱིན། དེར་བརྟེན་ཚེས་14ཉིན་གཤགས་བཅོས་དང་ལེན་བྱས་པ་རེད། སྨན་པས“རྟུལ་རྨས་ཆེན་པོ་དེ་འདྲ་བཟོས་པ་ལས་ཆུ་མདེལ་ཕོག་སྐབས་རྡེབ་ཤུགས་ཧ་ཅང་ཆེན་པོ་ཡོད་པ་མཚོན་གྱི་ཡོད”ཅེས་བཤད་འདུག

ཤེས་རྟོགས་བྱུང་བར་གཞིགས་ན། དྲ་ཐོག་ཚོང་ཁང་མང་པོས་བྱིས་པའི་རྩེད་ཆས་མེ་མདའ་དེ་རིགས་ཕྱིར་འཚོང་བྱེད་བཞིན་ཡོད་པ་དང་། ཕྱིར་འཚོང་བྱེད་ཚད་མཐོ་ཤོས་ཀྱི་ཟླ་རེརཁྲི་3.5ཟིན་གྱི་ཡོད། ཚོང་ཁང་ཞིག་གིས་བཤད་པ་ལྟར་ན། ཆུ་མདེལ་མེ་མདའི་འཕེན་ཐག་སྨི་15ཡོད་པ་དང་། མདེའུ་སྔོན་ལ་ཆུ་ནང་དུ་སྦངས་རྗེས་བེད་སྤྱོད་གཏོང་གི་ཡོད།“གྲུབ་ཆ་90%ནི་ཆུ་ཡིན་པ་དང་། རྡུང་ཐེངས་གཅིག་ལ་ཆག་གྲུམ་ཐེབས་པ། མི་ལ་མི་གནོད།”

གནས་ཚུལ་སྤེལ་བར་གཞིགས་ན། ཟླ་4པར་ཧོ་པེའི་ལོ་4ལ་སླེབས་པའི་བུ་མོ་ཞིག་གི་ལུས་ལ་ཆུ་མདེལ་ཕོག་ནས་རྨས་སྐྱོན་ཕོག་ཡོད། 《ཧྭ་ཤིས་གྲོང་ཁྱེར་ཚགས་པར》གྱི་གསར་འགོད་པས་ཚོད་ལྟ་བྱས་ནས་ཤེས་རྟོགས་བྱུང་བར། དྲ་ཐོག་ནས་ཉོ་སྒྲུབ་བྱས་པའི་ཆུ་མདེལ་མེ་མདའ་དེ་རིགས་ཀྱིས་བར་ཐག་སྨི་གཅིག་གི་ཕྱི་རོལ་གྱི་སྒོ་ང་དང་ཤོག་སྒམ་བརྟོལ་ཐུབ་ཀྱི་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ལྟ་སྐུལ། ཝང་ཧྥེ།
སྒྲིག་སྒྱུར། རིན་ཆེན།