བོད་ལྗོངས་ཀྱི་ལས་བྱེད་པ་གཉིས་ལས་གནས་ལས་ཕུད་འདུག
སྤེལ་བའི་དུས་ཚོད། : 2019-08-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  མངའ་རིས་ས་ཁུལ་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་དེ་སྔའི་ཏང་ཙུའི་ཁོངས་མི་དང་། ཀྲུའུ་ཞི་གཞོན་པ་ལི་པིན་ཧའེ་(李本海)ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་གི་སྐྱིད་སྡུག་དང་ལས་གནས་ལས་ཕུད་པ།

   ཉིན་ཤས་གོང་། ཀྲུང་གུང་མངའ་རིས་ས་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། མངའ་རིས་ས་ཁུལ་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་མངའ་རིས་ས་ཁུལ་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་དེ་སྔའི་ཏང་ཙུའི་ཁོངས་མི་དང་། ཀྲུའུ་ཞི་གཞོན་པ་ལི་པིན་ཧའེ་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་ཐོ་འགོད་ཞིབ་བཤེར་བྱས།

  ཞིབ་བཤེར་བྱས་པ་བརྒྱུད་ཤེས་པར། ལི་པིན་ཧའེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་ཞིང་། སྒྲིག་འགལ་ངང་ཕོགས་སྣོན་སྤྲད་པ་དང་། གཞུང་དངུལ་སྤྱད་ནས་ཟ་འཐུང་བྱས་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་ལས་འགལ་ཞིང་། མི་སྒེར་གྱི་འབྲེལ་ཡོད་དོན་ཚན་སྙན་ཞུའི་གཏན་འབེབས་དང་འགལ་བ། སྒེར་གྱི་བུ་ཕྲུག་གི་འབྲེལ་ཡོད་གནས་ཚུལ་སྦས་གསང་བྱས་པ། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་ཏེ། ཞིང་འབྲོག་མང་ཚོགས་ཀྱི་གསོ་སྦྱོང་གྲོན་དངུལ་དང་གཟུགས་པོར་བརྟག་དཔྱད་མ་བྱས་པའི་ལས་བྱེད་ལས་བཟོའི་གཟུགས་པོའི་བརྟག་དཔྱད་གྲོན་དངུལ་བཀག་ཉར་བྱས་པ། ལས་གནས་ཐོག་གི་སྟབས་བདེ་སྤྱད་དེ་ཁྲིམས་འགལ་གྱིས་མི་གཞན་དང་མཉམ་དུ་རྒྱལ་ཁབ་ཀྱི་རྒྱུ་དངུལ་འབོར་ཆེན་གཡོ་ལེན་ཐེངས་མང་བྱས་ཏེ། སྒེར་གྱིས་བག་མེད་ལོངས་སྤྱོད་བྱས་པས་《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ལི་པིན་ཧའེ་ཏང་གི་སྐྱིད་སྡུག་ལས་ཕུད་པ་མ་ཟད། ལས་གནས་ལས་ཀྱང་ཕུད་ཡོད་པ་རེད།

  

 མངའ་རིས་ས་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་དེ་སྔའི་ཀྲུའུ་རེན་ཁོའོ་ཡོན་ཞུས་ཀང་(徐刚)གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་གི་སྐྱིད་སྡུག་དང་ལས་གནས་ལས་ཕུད་པ།

   ཉིན་ཤས་གོང་། མངའ་རིས་ས་ཁུལ་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་མངའ་རིས་ས་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་དེ་སྔའི་ཀྲུའུ་རེན་ཁོའོ་ཡོན་ཞུས་ཀང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་ལ་གྱོད་དོན་ཐོ་འགོད་དང་ཞིབ་བཤེར་བྱས།
ཞིབ་བཤེར་བྱས་པ་བརྒྱུད་ཤེས་པར། ཞུས་ཀང་འཚོ་བའི་སྒྲིག་ཁྲིམས་ལས་འགལ་ཞིང་། བག་མེད་ལོངས་སྤྱོད་དང་། མ་རབས་ཐ་ཤལ་གྱི་བྱ་བ་བསྒྲུབས་པ། ནམ་རྒྱུན་རོལ་རྩེད་ཁང་དུ་ཕྱིན་པ་པ་མཟད། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་འགལ་ནས་མཱ་ཅང་རྒྱག་པ་སོགས་ཀྱི་རྣམ་པའི་ཐོག་ནས་རྒྱན་འགྱེད་ཡོད་ལ། ད་དུང་ལས་གནས་ཐོག་གི་སྟབས་བདེ་བེད་སྤྱད་དེ་ཁྲིམས་འགལ་ངང་གཞུང་རྒྱུ་ཧམ་ཟ་བྱས་པ་དང་། མི་གཞན་དང་མཉམ་དུ་རྒྱལ་ཁབ་ཀྱི་མ་དངུལ་འབོར་ཆེན་གཡོ་ལེན་ཐེངས་མང་བྱས་ཡོད་པས་《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས་》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཏང་གི་སྐྱིད་སྡུག་དང་ལས་གནས་ལས་ཕུད་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ལྟ་སྐུལ། ཝང་ཧྥེ།
སྒྲིག་སྒྱུར། རྡོ་རྗེ་གཡུ་སྒྲོན།