དྭངས་ནུས་འཕེལ་གཏོང་གི་རྒྱལ་སྤྱིའི་མཐོ་རིམ་གླེང་སྟེགས་འཚོགས་འདུག
སྤེལ་བའི་དུས་ཚོད། : 2019-06-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

༢༠༡༩ལོའི་མཚོ་སྔོན་དྭངས་གཙང་ནུས་ཁུངས་འཕེལ་རྒྱས་གཏོང་བའི་རྒྱལ་སྤྱིའི་མཐོ་རིམ་གླེང་སྟེགས་འཚོགས་པ།

སྤྱི་ཟླ་༦པའི་ཚེས་༡༣ཉིན་རྒྱལ་ཁབ་ནུས་ཁུངས་ཅུད་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་། ཆིང་ཧྭ་སློབ་གྲྭ་ཆེན་མོ། རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པ། རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སི་སོགས་སྡེ་ཁག་༡༢ཀྱིས་མཉམ་དུ་གཉེར་བའི་སྤྱི་ལོ་༢༠༡༩ལོའི་མཚོ་སྔོན་དྭངས་གཙང་ནུས་ཁུངས་འཕེལ་རྒྱས་གཏོང་བའི་རྒྱལ་སྤྱིའི་མཐོ་རིམ་གླེང་སྟེགས་ཟི་ལིང་དུ་འཚོགས་ཡོད་པ་རེད།

གླེང་སྟེགས་ཀྱི་ཡུལ་དངོས།

གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོ་དེ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་འགོ་འཛིན་གཞོན་པ་ཐེན་ཅིན་ཁྲེན་གྱིས་གཙོ་སྐྱོང་གནང་བ་དང་། མཛད་སྒོའི་ཐོག་མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུད་ཧྲུའུ་ཅི། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་རྒྱལ་ཁབ་ནུས་ཁུངས་ཅུད་ཀྱི་འགོ་འཛིན་གཞོན་པ་ཆེ་ཁྲེང་ཡོན་གྱིས་ཤིས་ཚིག་གསུངས་ཡོད་པ་རེད།

མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུད་ཧྲུའུ་ཅི་ཝང་ཅན་ཅུན་ལགས་ནས་ཤིས་ཚིག་གནང་བཞིན་པ།

ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ལ་དྭངས་གཙང་ནུས་ཁུངས་ཀྱི་ཁྱད་དུ་འཕགས་པའི་དགེ་མཚན་ཆེན་པོ་ལྡན་མ་ཟད། ཉི་ནུས་ཀྱི་ཐོན་ཁུངས་སྟོང་ཝ་ཐེར་འབུམ་གཅིག་དང་རླུང་ནུས་སྟོང་ཝ་དུང་ཕྱུར་བཞི། ཆུ་ནུས་ཐོན་ཁུངས་སྟོང་ཝ་བྱེ་བ་གཉིས་དང་ས་ཡ་བཞི་ལ་ཉེ་བ་ཞིག་ཡོད་པ་རེད། མཚོ་སྔོན་གྱིས་གསར་གཏོད་རང་བཞིན་གྱི་སྒོ་ནས་རྒྱལ་ཁབ་ཀྱི་དྭངས་གཙང་ནུས་ཁུངས་དཔེ་མཚོན་ཞིང་ཆེན་གཏོད་པའི་འཆར་འགོད་བཟོས་པ་དང་། སྤྱི་ལོ་༢༠༡༧ལོར་ཉིན་བདུན་བསྟུད་མར་དང་སྤྱི་ལོ་༢༠༡༨ལོར་ཉིན་དགུ་བསྟུད་མར་དྭངས་གཙང་ནུས་ཁུངས་ཀྱི་གློག་མཁོ་འདོན་བྱེད་པའི་འཛམ་གླིང་ཟིན་ཐོ་གཏོད་པ་མ་ཟད། ད་ལོར་ཉིན་བཅོ་ལྔའི་རིང་བསྟུད་མར་གློག་མཁོ་འདོན་བྱ་རྒྱུ་མ་ཟད་འཛམ་གླིང་གི་ཟིན་ཐོ་གསར་པ་གཏོད་རྒྱུ་ཡིན་པ་རེད།

གླེང་སྟེགས་སུ་ཞུགས་པའི་འབྲེལ་ཡོད་འགོ་ཁྲིད་མི་སྣ།

རྒྱལ་ཁབ་ནུས་ཁུངས་ཅུད་ཀྱི་འགོ་འཛིན་གཞོན་པ་ཆེ་ཁྲེང་ཡོན་གྱིས་གླེང་སྟེགས་ཐོག སྤྱི་ལོ་༢༠༡༨ལོར་ཀྲུང་གོའི་དྭངས་གཙང་ནུས་ཁུངས་ཀྱི་འཛད་སྤྱོད་ཚད་གཞི་ནི་ནུས་ཁུངས་སྤྱིའི་གྲངས་འབོར་ལས་བརྒྱ་ཆ་༢༢དང་གྲངས་ཆུང་གཅིག་༡ཟིན་པ་དང་དེ་ལས་ཆུ་གློག་དང་རླུང་གློག འོད་ཧྥུ་གློག་འདོན་འཕྲུལ་ཆས་ཀྱི་སྒྲིག་གཞི་འཛམ་གླིང་གི་ཡང་རྩེར་སོན་ཡོད་པ་དང་། མ་འོངས་པར་རང་རྒྱལ་གྱིས་བསྐྱར་སྐྱེས་ནུས་ཁུངས་འཕེལ་རྒྱས་སུ་གཏོང་བའི་ཐབས་ཇུས་ལ་གཡོ་འགུལ་མེད་པར་ལག་བསྟར་བྱ་རྒྱུ་ལས་གཞན་ནུས་ཁུངས་དང་གློག་ཤུགས། སླར་སྐྱེས་ནུས་ཁུངས་སོགས་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་ལག་བསྟར་བྱས་ནས་ཀྲུང་གོའི་ནུས་ཁུངས་ལྷད་མེད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་འགྲོ་བར་ནུས་ལྡན་གྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

རྒྱལ་ཁབ་ནུས་ཁུངས་ཅུད་ཀྱི་འགོ་འཛིན་གཞོན་པ་ཆེ་ཁྲེང་ཡོན་གྱིས་གསུང་བཤད་གནང་བཞིན་པ།

ཉེ་བའི་ལོ་ཤས་རིང་ལ་མཚོ་སྔོན་གྱིས་དྭངས་གཙང་ནུས་ཁུངས་ཀྱི་ཐོན་ཁུངས་ལ་བརྟེན་ནས་འཕེལ་རྒྱས་བཀོད་སྒྲིག་ལེགས་སྒྱུར་དང་ཐོན་ལས་ཁྱུ་ཚོགས་གསར་སྐྲུན་བྱས་ཏེ། མཚོ་སྔོན་གྱི་མཚོ་ནུབ་ཁུལ་དང་མཚོ་ལྷོ་ཁུལ་དུ་ཁག་སོ་སོར་ཆུ་དང་འོད་ཁ་གསབ་བྱེད་པའི་གློག་འདོན་ས་ཚིགས་གཉིས་བསྐྲུན་ནས་འཛམ་གླིང་གི་ཆེས་ཆེ་ཤོས་དེ་ཆགས་ཡོད་པ་རེད།

མཚོ་སྔོན་ཞིང་ཆེན་གྱི་འགོ་འཛིན་ལིའུ་ཉིང་གིས་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་བཞིན་པ།

རྨ་ཆུ་ཆུ་གློག་ཀུང་སིའི་ཏང་ཨུད་ཧུའུ་ཅི་ཞེ་ཞའོ་ཕིང་གིས་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་བཞིན་པ།

གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོ་མཇུག་སྒྲིལ་རྗེས། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཝང་ཀོང་ཆེན་གྱིས་འགོ་འཛིན་གནང་ནས་མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུད་ཧྲུའུ་ཅི་གཞོན་པ། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་འགོ་འཛིན་ལིའུ་ཉིང་དང་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཧའོ་ཡུས་སོགས་ཀྱིས་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ལྟ་ཞིབ། ཚེ་དགའ།
ཞུ་དག ཟླ་བ་ཚེ་རིང་།
གསར་འགོད་པ། རྡོ་ཐར། ཀེ་ཞིའུ་ཡོན།