ཀྲུང་གོས་ཨ་རིར་ཕྱོགས་ཡོངས་ནས་ཁ་གཏད་གཅོག་པའི་གྲ་སྒྲིག་བྱས་ཟིན།
སྤེལ་བའི་དུས་ཚོད། : 2019-05-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  

    ཨ་རིས་བསླངས་པའི་ཚོང་དོན་འཁྲུག་རྩོད་ཐད། ཀྲུང་གོས་སྔ་ས་ནས་འདོད་ཚུལ་བསྟན་པ་སྟེ། འཁྲུག་རྩོད་རྒྱག་འདོད་མེད། ཡིན་ནའང་སྐྲག་སྣང་གཏན་ནས་མེད། དགོས་ངེས་སྐབས་མི་རྒྱག་ཀ་མེད་རེད། ཨ་རིའི་འཇམ་རྩུབ་གཉིས་ལྡན་གྱི་བྱེད་ཐབས་ལ་ཀྲུང་གོས་སྔ་ས་ནས་ལན་བསློག་ཟིན་པ་སྟེ། གྲོས་མོལ་བྱས་ན་སྒོ་མོ་ཡངས་པོར་འབྱེད་རྒྱུ་དང་། འཁྲུག་རྩོད་བརྒྱབ་ཚེ་མཐར་ཕྱིན་པ་རྒྱག་རྒྱུ་དེ་ཡིན། ལོ་ངོ་ལྔ་སྟོང་ལྷག་ཙམ་གྱི་ཆར་རླུང་བརྒྱུད་མྱོང་བའི་ཀྲུང་ཧྭ་མི་རིགས་ལ་འཕྲད་མ་མྱོང་བའི་གནས་ཚུལ་གང་ཡང་མེད། མི་རིགས་བསྐྱར་དར་གྱི་རླབས་ཆེའི་འཕེལ་རིམ་ཁྲོད་དཀའ་ཚེགས་ཆེན་པོ་དང་འཇིགས་སུ་རུང་བའི་གནས་ཚུལ་འཕྲད་ངེས་རེད། ཨ་རིས་བསླངས་པའི་ཚོང་དོན་འཁྲུག་རྩོད་ནི་ཀྲུང་གོ་འཕེལ་རྒྱས་འགྲོ་རིང་གི་འགལ་རྐྱེན་ཆུང་ངུ་ཙམ་ཞིག་ལས་གང་ཡང་མ་རེད། ཀྲུང་གོས་ཆོད་སེམས་བརྟན་པོར་བརྟེན་ནས་དཀའ་བ་གདོང་གིས་བསུས་ཏེ། ཉེན་ཁ་གོ་སྐབས་སུ་འགྱུར་བ་བྱས་ནས་གནམ་ས་གསར་པ་ཞིག་གཏོད་ངེས་རེད།

    ཕྱི་རོལ་གྱི་ཁོར་ཡུག་ལ་འགྱུར་ལྡོག་ཅི་འདྲ་བྱུང་ནའང་། ཀྲུང་གོའི་ངོས་ནས་བརྗོད་ན་རང་ཉིད་ཀྱི་བྱ་གཞག་ཡག་པོ་བསྒྲུབས་ཏེ་སྒྱུར་བཅོས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་། སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་སྟེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་དགོས་པ་ནི་གལ་ཆེ་ཤོས་རེད། ཨ་རིས་གོམ་སྟབས་རྗེས་མར་གྲོས་མོལ་བྱས་ནའང་འདྲ། འཁྲུག་རྩོད་རྒྱག་ནའང་འདྲ་ཡང་ན་བྱེད་ཐབས་གཞན་དག་གང་ཞིག་སྤྱོད་རུང་། ཀྲུང་གོས་སྲིད་ཇུས་ཀྱི་ཐབས་ཤེས་སྣ་ཚོགས་གྲ་སྒྲིག་འདང་ངེས་བྱས་ཟིན་པ་དང་ཕྱོགས་ཡོངས་ནས་ཁ་གཏད་གཅོག་རྒྱུའི་གྲ་སྒྲིག་བྱས་ཟིན། དེ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུངས་པ་བཞིན། ཀྲུང་གོའི་དཔལ་འབྱོར་ནི་རྒྱ་མཚོ་ཆེན་པོ་བཞིན་ཡིན་པ་ལས། རྫིང་བུ་ཆུང་ཆུང་ལྟར་མིན། དྲག་ཆར་རླུང་འཚུབ་ཀྱིས་རྫིང་བུ་ཆུང་ཆུང་ཐལ་བའི་རྡུལ་དུ་བརླག་སྲིད་ཀྱང་རྒྱ་མཚོ་ཆེན་པོ་བརླག་མི་ནུས་པས། དྲག་ཆར་རླུང་འཚུབ་ཇི་ལྟར་ཆེ་ནའང་རྒྱ་མཚོ་ཆེན་པོ་སྔར་བཞིན་ལྷིང་ངེར་གནས་ཡོད་ཅེས་པ་ལྟར་རོ།།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།