མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་བརྟན་སྐར་ནག་པོའི་པར་རིས་ཐོག་མ་དེ་ཀྲུང་གོ་སོགས་འཛམ་གླིང་ས་ཆ་དྲུག་ཏུ་དུས་གཅིག་ཏུ་ཕྱི་ཕྱོགས་སུ་ཡོངས་བསྒྲགས་བྱས་པ།
སྤེལ་བའི་དུས་ཚོད། : 2019-04-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

པེ་ཅིང་གི་དུས་ཚོད་སྤྱི་ཚེས་10ཉིན་གྱི་དགོང་མོ། མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་བརྟན་སྐར་ནག་པོའི་པར་རིས་ཐོག་མ་དེ་ཀྲུང་གོ་སོགས་འཛམ་གླིང་ས་ཆ་དྲུག་ལ་དུས་གཅིག་ཏུ་ཕྱི་ཕྱོགས་སུ་ཡོངས་བསྒྲགས་བྱས་ཡོད་པ་དང་། དེ་ནི་མིའི་རིགས་ཀྱིས་པར་རིས་བརྒྱུད་ཐད་ཀར་བརྟན་སྐར་ནག་པོ་མཐོང་ཐེངས་དང་པོ་ཡིན་པ་རེད། ཨའེ་དབྱིན་སེ་ཐན་གྱི་གོ་དོན་རྒྱས་པའི་བལྟོས་བཅས་སྨྲ་བ་དེ་ཆེས་དཀའ་བའི་ཆ་རྐྱེན་འོག་སྔར་བཞིན་དོན་དངོས་ཡིན་པ་ར་སྤྲོད་ཐུབ་ཡོད།

ཀྲུང་གོའི་ཚན་རིག་ཁང་ཧྲང་ཧའེ་གནམ་དཔྱད་ལས་ཁུངས་གི་ཞིབ་མཇུག་པ་ལུ་རུའུ་སེན་གྱིས། བརྟན་སྐར་ནག་པོ་དེ་ནི་བུ་མོའི་སྐར་ཚོམ་གྱི་འཇོང་དབྱིབས་བརྟན་སྐར་མ་ལག་M87གྱི་ལྟེ་གནས་ནས་བྱུང་བ་ཞིག་ཡིན་ཞིང་། སའི་གོ་ལ་དང་བར་ཐག་འོད་ལོ་ཁྲི་5500ཡོད་པ་དང་། བོངས་ཚད་ནི་ཉི་མའི་ལྡབ་དུང་ཕྱུར་65ཡིན་ཞེས་ངོ་སྤྲོད་གནང་ཡོད་པ་རེད།

བརྟན་སྐར་ནག་པོའི་པར་རིས་ཀྱི་ལྟེ་བའི་ཁོངས་སུ་གྲིབ་ནག་ཞིག་ཡོད་པ་དང་། ཉེ་འཁོར་དུ་ཟླ་གསར་གཟུགས་ཀྱི་འོད་ཞིག་གིས་མཐའ་སྐོར་ཡོད། ཀྲུང་གོའི་ཚན་རིག་ཁང་ཧྲང་ཧའེ་གནམ་དཔྱད་ལས་ཁུངས་ཀྱི་ཞིབ་འཇུག་པ་ཡོན་ཧྥང་གིས། བརྟན་སྐར་ནག་པོ་རང་ངོས་ནས་འོད་འཕྲོ་གི་མེད། འོན་ཀྱང་བརྟན་སྐར་ནག་པོའི་ཁྱད་ཆོས་གཙོ་བོ་ཞིག་ནི་འཐེན་ཤུགས་ཅུང་ཆེན་པོ་ཡོད། ང་ཚོས་བརྟན་སྐར་ནག་པོའི་ཉེ་འཁོར་དུ་རླུང་གཟུགས་མང་པོ་ཡོད་པ་ཤེས་ཀྱི་ཡོད་པ་དང་། རླུང་གཟུགས་དེ་དག་བརྟན་སྐར་ནག་པོའི་འཐེན་ཤུགས་ཀྱི་ནུས་པའི་འོག་བརྟན་སྐར་ནག་པོའི་ནང་འཐེན་འགྲོ་གི་ཡོད། འཐེན་འགྲོ་བའི་བརྒྱུད་རིམ་ཁྲོད། རླུང་གཟུགས་དེ་དག་ཧ་ཅང་ཚ་པོ་ཆགས་ཀྱི་ཡོད་པས། དེས་ཧ་ཅང་ཤུགས་ཆེ་བའི་འགྱེད་འཕྲོ་ཐོན་གྱི་ཡོད། ང་ཚོས་པར་རིས་ཐོག་མཐོང་བའི་འོད་སྣང་སྒོར་སྒོར་དེ་དག་ནི་ཧ་ཅང་ཚ་པོ་ཆགས་པའི་རླུང་གཟུགས་ལས་ཐོན་པའི་འགྱེད་འཕྲོ་ཡིན་ཞེས་བསྟན་ཡོད་པ་རེད།

བརྟན་སྐར་ནག་པོའི་པར་རིས་ནི་བརྟན་སྐར་ནག་པོ་གནས་ཡོད་པ་ཐད་ཀར་མཐོང་ཐུབ་པའི་དཔང་རྟགས་ཡིན། ཀྲུང་གོའི་ཚན་རིག་ཁང་ཧྲང་ཧའེ་གནམ་དཔྱད་ལས་ཁུངས་ཀྱི་འགོ་འཛིན་ཧྲེན་ཀྲེ་ཆང་གིས། དམིགས་ཡུལ་གལ་ཆེ་ཤོས་ནི་ཤུགས་ཆེའི་འཐེན་ཤུགས་ལྡན་པའི་ཆེས་དཀའ་བའི་ཁོར་ཡུག་འོག་ཨའེ་དབྱིན་སེ་ཐན་གྱི་གོ་དོན་རྒྱས་པའི་བལྟོས་བཅས་སྨྲ་བ་ཚོད་ལྟ་ར་སྤྲོད་བྱེད་པ་དང་། དུས་མཚུངས་སུ་བརྟན་སྐར་ནག་པོའི་མཐའ་འཁོར་གྱི་དངོས་པོ་འགུག་བསྡུས་དང་ཐོར་བའི་རྣམ་པ་ཆགས་པ་དང་ཁྱབ་སྤེལ་ལ་ཞིབ་འཇུག་ཞིབ་ཕྲ་བྱེད་ཆེད་ཡིན་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། དབང་འདུས།