བུ་བཅོལ་ཁང་གིས་ཕྲུ་གུར་དུག་དྲངས་པའི་གནས་ཚུལ་སྐྱི་གཡའ་བ་ཞིག
སྤེལ་བའི་དུས་ཚོད། : 2019-04-04 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཟླ་3ཚེས་27ཉིན། ཧོ་ནན་ཞིང་ཆེན་ཅའོ་ཙུའོ་གྲོང་ཁྱེར་བཅིངས་འགྲོལ་ས་ཁུལ་གྱི་བུ་བཅོལ་ཁང་གི་སློབ་ཕྲུག་23ལ་གློ་བུར་མགོ་ན་བ་དང་། སྐྱུག་བྲོ་བ། རྩ་འཁུམ་པ་སོགས་ཀྱི་གནས་ཚུལ་བྱུང་ཞིང་སྨན་ཁང་དུ་བསྐྱལ་བ་དང་། སྨན་པས་བརྟག་དཔྱད་བྱས་རྗེས་ཁོང་ཚོར་ཟས་དུག་ཕོག་པ་ཡིན་པ་ཤེས།

སྤྱི་ཟླ་4ཚེས་1ཉིན། གསར་འགོད་པས་གྲོང་ཁྱེར་དེའི་ཉེན་རྟོག་ཕྱོགས་ནས་ཕྲུ་གུ་དེ་ཚོར་ཟས་དུག་ཕོག་པའི་རྒྱུ་རྐྱེན་རྩད་ཆོད་བྱུང་ཡོད་པ་སྟེ། དེ་ནི་དགེ་རྒན་ཞིག་གིས་ཕྲུ་གུའི་ལྟོ་ཆས་ནང་དུག་བཏབ་པ་ཡིན་པ་རེད།

དགེ་རྒན་དེས་དུག་འདེབ་རྐྱེན་ནི་དགེ་རྒན་གཞན་ཞིག་ལ་འཁོན་ལན་སློག་ཆེད་ཡིན་པ་བཤད་འདུག

མིག་སྔར། དུག་ཕོག་ནས་སྨན་ཁང་དུ་སྡོད་པའི་ཕྲུ་གུ་23ལས་1ལ་ནད་རྟགས་ཚབས་ཆེན་ཐོན་ཡོད་པ་དང་། 7སྨན་ཁང་དུ་བསྡད་ནས་ལྟ་ཞིབ་དང་སྨན་བཅོས་བྱེད་བཞིན་ཡོད་ལ། ཕྲུ་གུ་གཞན་རྣམས་གཅིག་རྗེས་གཉིས་མཐུད་ངང་སྨན་ཁང་ནས་ཕྱིར་བུད་ཡོད།

དོན་རྐྱེན་དེ་བྱུང་རྗེས། ས་ཁུལ་དེའི་སློབ་གསོ་སྡེ་ཚན་གྱིས་བུ་བཅོལ་ཁང་དེ་གནས་སྐབས་སྒོ་བརྒྱབ་ནས་དག་ཐེར་བྱེད་བཞིན་ཡོད་པ་དང་། སློབ་ཕྲུག་རྣམས་བུ་བཅོལ་ཁང་གཞན་དུ་ཁག་བགོས་བྱས་ཡོད་ལ། དུག་བཏབ་པའི་དགེ་རྒན་དེ་འཛིན་བཟུང་བྱས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ལྟ་སྐུལ། ཝང་ཧྥེ།
སྒྲིག་སྒྱུར། བསོད་ནམས་འཚོ།