གྲོས་འགོ་འདིར་ཕ་མ་དང་བུ་ཕྲུག་མང་པོས་མཐེ་བོང་བསྒྲེངས།
སྤེལ་བའི་དུས་ཚོད། : 2019-03-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

   ཚོགས་ཆེན་གཉིས་ཀྱི་འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་ཕྲུ་གུ་གཅིག་ལས་སྐྱེས་མེད་པའི་ཕ་མ་ཚོའི་ཚེ་མཇུག་གི་འཚོ་བའི་གནས་སྟངས་ལ་ཐུགས་བསམ་བཞེས་ནས་གང་དེའི་བུ་ཕྲུག་ཚོར་ཕ་མར་ལྟ་སྐྱོང་བྱེད་པའི་ངལ་གསོ་ཞིག་འཇོག་དགོས་པའི་གྲོས་འགོ་བཏོན་མཛད་ཡོད། དེའི་ཐད་ཁྱེད་རང་ལ་དགོངས་ཚུལ་ཅི་ཞིག་ཡོད། གལ་སྲིད་གནད་དོན་དེ་ཡང་ཁྱེད་ཀྱི་སེམས་དབུས་ཀྱི་གྲོས་འགོ་ཞིག་ལ་གྱུར་ན་ཆ་འཕྲིན་འདི་བརྒྱུད་བསྐུར་གནང་རོགས།

   བུ་ཕྲུག་གཅིག་ལས་སྐྱེས་མེད་པའི་ཕ་མ་མི་རབས་དང་པོ་རྣམས་ད་ལྟ་དགུང་ལོ་༦༠ནས་༧༠བར་གྱི་མི་ཚེའི་སྐས་རིམ་འགྲིམ་ཟིན། བུ་ཕྲུག་གཅིག་ལས་སྐྱེས་མེད་པའི་ཁྱིམ་ཚང་གི་རྒན་གསོའི་གནད་དོན་དེ་ཧ་ཅང་གཙིགས་ཆེར་འཛིན་དགོས་པའི་སྤྱི་ཚོགས་ཀྱི་གནད་དོན་གལ་ཆེའི་གྲས་ཤིག་རེད། ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྟེང་དུ། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་མང་དག་ཅིག་གིས། ཕྲུ་གུ་གཅིག་པུ་དེར་གླ་ཕོགས་ལྡན་པའི་སྒོ་ནས་ཕ་མ་གཉོར་སྐྱོང་བྱེད་པའི་ངལ་གསོ་བཞག་ནས། ཕྲུ་གུ་གཅིག་ལས་སྐྱེས་མེད་པའི་ཕ་མ་ཚོར་འཇིག་རྟེན་མི་ཆོས་དང་མཐུན་པའི་ལྟ་སྐྱོང་ཐོབ་དགོས་པ་དང་། དྲིན་བྱས་དྲིན་དུ་ཚོར་བའི་གཉོར་སྐྱོང་ཐོབ་དགོས་པའི་གྲོས་འགོ་བཏོན་མཛད་ཡོད།

  

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱབ་བསྒྲགས་བྱས་པའི་༼ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་རིང་གི་རྒྱལ་ཁབ་ཀྱི་རྒན་རྒོན་བྱ་གཞག་འཕེལ་རྒྱས་དང་རྒན་གསོའི་མ་ལག་འཛུགས་སྐྱོང་གི་འཆར་གཞི་༽ལྟར་སྔོན་དཔག་བྱས་ན། སྤྱི་ལོ་༢༠༢༠ལོར་སླེབས་དུས། རྒྱལ་ཡོངས་སུ་ལོ་༦༠ཡན་ཟིན་པའི་རྒན་རྒོན་ཀྱི་མི་འབོར་དུང་ཕྱུར་༢དང་བྱེ་བ་༥དང་ས་ཡ་༥ཡས་མས་སུ་སླེབས་རྒྱུ་དང་། རྒན་རྒོན་གཉོར་སྐྱོང་གི་བསྡུར་ཚད་བརྒྱ་ཆ་༢༨ཡས་མས་མཐོ་རུ་འགྲོ་རྒྱུ་རེད། དེའི་ནང་གྲངས་ཚད་ཕྱེས་ཀ་ལས་བརྒལ་བའི་རྒན་རྒོན་གྱི་མི་འབོར་ནི་ཁྱིམ་ཚང་སྟོང་ལྷང་ལྷང་དུ་སྲུང་མཁན་རྒན་རྒོན་ཡིན་པ་རེད། དུས་རབས་གོང་མའི་ལོ་རབས་༧༠དང་ལོ་རབས་༨༠ནང་སྐྱེས་པའི་ཕྲུ་གུ་གཅིག་རང་བྱས་པ་མང་དུ་འཕེལ་བའི་རྐྱེན་གྱིས་འབྱུང་འགྱུར་༼བཞི་གཉིས་གཅིག་༽ཅན་གྱི་ཁྱིམ་ཚང་གྲུབ་ཆ་ཡོངས་ཁྱབ་ཏུ་འགྲོ་ངེས་པ་སྟེ། དེ་ཡང་བཟའ་ཚང་གཉིས་ཀྱིས་ཕྲུ་གུ་གཅིག་གསོ་སྐྱོང་བྱེད་དགོས་པ་དང་། ཕ་མ་བཞི་ལ་ལྟ་རྟོག་བྱེད་དགོས་པ་དེ་ཡིན།

   འབྲེལ་ཡོད་ཆེད་ལས་མཁས་པས། བུ་ཕྲུག་གཅིག་ལས་སྐྱེས་མེད་པའི་ཕ་མ་མི་རབས་དང་པོ་ཚོའི་རྒན་གསོའི་གནད་དོན་ཉིན་བཞིན་འབུར་ཐོན་དུ་མངོན་བཞིན་ཡོད། འཆར་ལྡན་བུ་བཙའི་སྲིད་ཇུས་ཀྱིས་དེ་སྔའི་ཁྱིམ་ཚང་གི་རྒན་གསོའི་རྣམ་པར་འགྱུར་ལྡོག་བཏང་ཡོད་ཅིང་། ཁྱིམ་ཚང་གི་གཞི་ཁྱོན་ཆུང་གྲས་སུ་སོང་བ་དང་། གཅིག་སྐྱེས་ཕྲུ་གུ་ཕྱིར་ལས་ཀར་བསྐྱོད་དགོས་པ། ཤེས་ཡོན་དོན་གཉེར་མང་དུ་ཕྱིན་པ་སོགས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ལ་གཞིགས་ནས། ཁྱིམ་ཚང་སྟོང་ལྷང་ལྷང་ནང་འཚོ་བ་སྐྱེལ་བའི་རྒན་རྒོན་གྱི་མི་འབོར་གྱི་བསྡུར་ཚད་ཉིན་བཞིན་འཕར་སྣོན་འགྲོ་བའི་རྣམ་པ་ཆགས་ཡོད། ཁྱིམ་ཚང་དེའི་རིགས་ལ་སྲོལ་རྒྱུན་གྱི་རྒན་གསོའི་རྣམ་པའི་འདེགས་སྐྱོར་ཕན་ནུས་ལྷག་བསྡད་མེད་ལ། མི་རབས་བརྗེ་མཚམས་བར་གྱི་ལྟ་སྐྱོང་དང་གསོ་སྐྱོང་ལོངས་སྤྱོད་ཐུབ་ཐབས་བྲལ། ལྷག་དོན་དུ་ཕྲུ་གུ་གཅིག་ལས་སྐྱེས་མེད་པའི་ཕ་མ་ན་ནས་སྨན་ཁང་དུ་ལུས་སྐབས་སུས་ཀྱང་ལྟ་སྐྱོང་བྱེད་ཁག་པོར་གྱུར་ཡོད་ཅེས་བཏོན་ཡོད།

  ཕ་མར་ལྟ་སྐྱོང་བྱེད་པའི་ངལ་གསོའི་དུས་ཚོད་དེར་ཉི་མ་ག་ཚོད་འཇོག་དགོས་སམ་ཞེ་ན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲའོ་ཧྥང་གིས། ས་གནས་ཀྱི་ཉམས་མྱོང་ལ་ལྟོས་བཅས་ཀྱིས། ཕྲུ་གུ་གཅིག་ལས་སྐྱེས་མེད་པའི་ཕ་མ་ན་ནས་སྨན་ཁང་ལ་ནད་སྡོད་བྱེད་པའི་རིང་། གཅིག་སྐྱེས་བུ་ཕྲུག་ལ་ལོ་ལྟར་ཕ་མར་ལྟ་སྐྱོང་བྱེད་པའི་ངལ་གསོའི་དུས་ཡུན་ཉིན་༡༠ནས་ཉིན་༢༠བར་སྟེར་དགོས་པ་དང་། ལྟ་སྐྱོང་བྱེད་རིང་གཞུང་དོན་དུ་བསྐྱོད་པར་བརྩིས་ནས། གླ་ཕོགས་དང་བྱ་དགའ། ཐོབ་ཐང་བཅས་ལ་འགྱུར་བ་མེད་པ་བྱེད་དགོས་པའི་གྲོས་འགོ་བཏོན་གནང་མཛད་ཡོད།

   དེ་དང་དུས་མཚུངས། ཨུ་ཡོན་ཧྲེ་ཝེ་ཏུང་གིས། ལྟ་སྐྱོང་ངལ་གསོ་བཞག་པ་ལས་ཐོན་པའི་ལས་མི་བཀོལ་སྤྱོད་ཀྱི་མ་གནས་ཐད། དཔྱ་ཁྲལ་ཉུང་གཏོང་དང་བྱ་དགའ་ཁ་གསབ་སོགས་ཀྱི་རྣམ་པ་བརྒྱུད། ཁེ་ལས་དང་བྱ་གཞག་ཚན་པ། ལྷག་པར་དུ་དམངས་གཉེར་དང་སྒེར་གཉེར་ཁེ་ལས་སོགས་ལ་ཁ་གསབ་ངེས་ཅན་སྤྲོད་དགོས་པ་དང་། གཞན་ཡང་། ཕྲུ་གུ་གཅིག་ལས་སྐྱེས་མེད་པའི་ཁྱིམ་ཚང་ལ་ཁ་གསབ་ཀྱི་ལམ་ལུགས་ངེས་ཅན་བཟོ་དགོས་པ། མ་ཟད་ཆ་རྐྱེན་འཛོམས་རྗེས་རྒྱལ་ཁབ་ངོས་ཀྱི་ཁེ་དབང་འགན་སྲུང་ཁྲིམས་སྲོལ་ལ་འགྱུར་བ་བྱ་དགོས་པའི་ངོས་འཛིན་གནང་གི་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ལྟ་སྐུལ། ཚེ་དགའ།
རྩོམ་སྒྲིག་འགན་འཁུར་བ། མིག་དམར་རྒྱལ་པོ།
ཡིག་སྒྱུར། གངས་ཕྲུག་བློ་རྒྱ།