འཐུས་མིས་སློབ་རར་རིག་ནུས་ཁ་པར་སྤྱོད་པ་གཏན་འགོག་དགོས་པའི་གྲོས་གཞི་བཏོན་པ།
སྤེལ་བའི་དུས་ཚོད། : 2019-03-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

མི་དམངས་ཉིན་རེའི་ཚགས་པར་གྱི་འཕྲིན། ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཐོག ཅང་ཞིའི་འཐུས་ཚབ་ཚོགས་པའི་ཚོགས་མི་རྒྱལ་ཡོངས་དམངས་འཐུས་ཀྱི་འཐུས་མི། ཀུའེ་ཞི་གྲོང་ཁྱེར་ཀྲང་ཕིང་ཧྲེ་རིགས་ཤང་གི་ཤང་གཙོ་ལའེ་ཡན་ཆིང་གིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཐོག《སློབ་གྲྭ་ཆུང་འབྲིང་གི་སློབ་མས་སློབ་ར་ནས་རིག་ནུས་ཁ་པར་སྤྱོད་མི་རུང་བའི་སྐོར་གྱི་བསམ་འཆར》བཏོན། གཤམ་ནས《བསམ་འཆར》ཞེས་བསྡུས་མིང་འགོད་རྒྱུ།

འཐུས་མི་ལའེ་ཡན་ཆིང་གིས《བསམ་འཆར》ནང་། ན་གཞོན་དར་ལ་མ་བབ་པའི་ན་ཚོད་འདིའི་ནང་གི་སློབ་མའི་ཁྲོད་དུ་རིག་ནུས་ཁ་པར་ཁྱབ་གདལ་སོང་བ་དང་བསྟུན་ནས་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་སློབ་ཁྲིད་ཀྱི་སྒྲིག་ལམ་ལ་གཏོར་བརླག་ཐེབས་པས། སློབ་མ་དང་ཁྱིམ་བདག་གིས་སློབ་གྲྭ་ཁ་ཤས་ཀྱི་དོ་དམ་བྱེད་ཐབས་ལ་དོགས་པ་ཟ་བའི་གནས་ཚུལ་འབྱུང་གིན་ཡོད།

སློབ་གྲྭ་ལ་ལས་ཁ་པར་གྱི་བརྡ་རྟགས་འགོག་ཆས་བསྒྲིགས་ན་ཡང་། མཐར་སློབ་གྲྭའི་ཉེ་འཁོར་དུ་སྡོད་པའི་མང་ཚོགས་ཀྱི་འཚོ་བར་ཕོག་ཐུག་བཟོས། ཡང་སློབ་འབྲིང་ཞིག་གིས་སློབ་མས་སློབ་གྲྭར་ཁ་པར་འཁྱེར་ཡོང་མི་ཆོག་པ་དང་། གལ་ཏེ་འཁྱེར་ཡོང་བ་ཤེས་རྗེས་འཕྲལ་མར་མེད་བརླག་ཏུ་གཏང་རྒྱུའི་སྒྲིག་ལམ་བཙུགས་ན་ཡང་། མཐར་ཁྱིམ་བདག་གིས་སྐྱིན་ཚབ་སྤྲོད་དགོས་པའི་རེ་བ་བཏོན་ཡོང་བ་སོགས་རིག་ནུས་ཁ་པར་དོ་དམ་བྱེད་ཐབས་ཀྱི་ཆ་ལ་སློབ་གྲྭ་ཆུང་འབྲིང་འུ་ཐུག་ཐབས་ཟད་ཀྱི་དཀའ་གནས་ལ་འཕྲད་ཡོད་ཚོད་རེད། མོས་བསམ་ན། སློབ་གྲྭ་ཆུང་འབྲིང་གི་སློབ་མ་རྣམས་ལ་ཆ་བཞག་ན། རིག་ནུས་ཁ་པར་ནི་གཙོ་བོ་ཁྱིམ་མི་དང་འབྲེལ་བ་བྱེད་སྤྱད་དང་། བསླབ་བྱའི་རྒྱུ་ཆ་འཚོལ་བཤེར་ལ་སྟབས་བདེ་བོ་ཡོད་པས་རེད། ཡིན་ན་ཡང་བྱིས་པའི་ལུས་སེམས་ཀྱི་བདེ་ཐང་ལ་དེ་ལ་དེ་བསྟུན་གྱི་གནོད་པ་སྐྱེལ་ཡོང་གི་ཡོད་པ་རེད། སློབ་མ་མང་པོས་མཐོང་ཆེན་པོ་བྱེད་ས་ནི་ཁ་པར་གྱི་རོལ་རྩེད་བྱེད་ནུས་རེད། ཁོམ་སྐབས་ཏིལ་ཙམ་ལ་ཡང་རོལ་རྩེད་རྩེད་རྒྱུ་དགའ་པོ་ཡོད། མཐའ་ན་སློབ་ཁྲིད་ཀྱི་སྐབས་སུའང་རོལ་རྩེད་དང་། སྐད་འཕྲིན། QQ སོགས་ལ་མགོ་འཁོར་ནས་སློབ་གཉེར་གྱི་གེགས་སུ་འགྲོ་བ་མ་ཟད། སློབ་ཁྲིད་ཀྱི་སྒྲིག་ལམ་ལ་ཤུགས་རྐྱེན་ངན་པ་ཐེབས་གྱི་ཡོད། དེ་ལས་ཀྱང་ཡིད་སྐྱོ་བ་ཞིག་ནི་རིག་ནུས་ཁ་པར་གྱི་དྲ་འཇུག་བྱེད་ནུས་ལ་བརྟེན་ནས་བསམ་གཞིགས་ཅི་ཡང་མི་དགོས་པའི་སྒོ་ནས་ལས་བྱ་གྲལ་དག་ཅིག་ལྷོད་ལྷོད་ངང་འབྲི་བ་སྟེ། དེས་སློབ་མའི་རང་བདག་གི་བསམ་གཞིགས་ནུས་པ་ཇེ་ཞན་དུ་གཏང་གི་ཡོད་པ་རེད། གཞན་ཁ་པར་གྱི་བཟང་ངན་དང་བྱེད་ནུས་ཀྱི་ཆེ་ཆུང་སོགས་འགྲན་རེས་བྱས་ནས་སློབ་མའི་རིན་ཐང་ལྟ་བར་ནོར་འཁྲུལ་འབྱུང་གི་ཡོད་པ་མ་ཟད། དྲ་ཐོག་གི་རྩིང་སྤྱོད་ཡ་མ་ཟུང་གི་ཤུགས་རྐྱེན་ལ་བརྟེན་ནས་སློབ་མའི་ལུས་སེམས་ཀྱི་བདེ་ཐང་དང་བསམ་པའི་གོ་རྟོགས་ཇེ་ཞན་ཏུ་འགྱུར་བའི་གནོད་པ་ཡང་ཡོང་གི་འདུག་ཅེས་བཤད།

རང་རྒྱལ་གྱིས་སློབ་གྲྭ་ཆུང་འབྲིང་གི་སློབ་མས་ཁ་པར་བཀོད་སྤྱོད་ཐད་ལ་རྒྱལ་ཁྲིམས་ཀྱི་ངོས་ནས་བཅའ་ཁྲིམས་གཏན་ལ་ཕབ་མེད་ན་ཡང་། ཚུལ་འདི་ལ་འབྲེལ་ཡོད་སྡེ་ཚན་གྱིས་དོ་ཁུར་དང་ཡིད་འཇོག་བྱས་དང་བྱེད་མུས་རེད།

2018ལོའི་ཟླ4པར། སློབ་གསོ་པུའུ་ཡིས《སློབ་གྲྭ་ཆུང་འབྲིང་གི་སློབ་མ་དྲ་རྒྱའི་ནང་མགོ་འཁོར་བར་སྔོན་འགོག་གི་སློབ་གསོའི་ཁྲིད་སྟོན་ལས་ཀ་ལེགས་པོར་བསྒྲུབ་དགོས་སྐོར་གྱི་བརྡ་སྦྱོར་མྱུར་མགྱོགས་མ》དང《རྒྱལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ཁྱིམ་བདག་ལ་བཏང་པའི་འཕྲིན་ཡིག》བཀྲམས་ཏེ་སློབ་གྲྭ་དང་ཁྱིམ་བདག་ཕྱོགས་གཉིས་ཀྱི་འབད་པ་ལ་བརྟེན་ནས་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ལུས་སེམས་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོང་བྱེད་པར་ཁྲིད་སྟོན་བྱས།

གོང་གསལ་གྱི་གནད་དོན་དེ་དག་ལ་དམིགས་ནས་འཐུས་མི་ལའེ་ཡན་ཆིང་གིས་བསམ་འཆར་འདི་དག་བཏོན།

གཅིག འབྲེལ་ཡོད་ཁྲིམས་སྲོལ་བཏོན་ནས་རིག་ནུས་ཁ་པར་སློབ་ར་ནས་སྤྱོད་པར་གཏན་འགོག་བྱེད་དགོས། འདི་ལ་སློབ་གསོ་པུའུ་ཡིས་སྣེ་ཁྲིད་དང་། སྡེ་ཚན་ཁག་གི་མཉམ་ཤུགས་དང་མཉམ་ལས་ལ་བརྟེན་ནས་འབྲེལ་ཡོད་ཡིག་ཆ་བཏོན་ནས་སློབ་མས་སློབ་གྲྭར་རིག་ནུས་ཁ་པར་དང་། ལག་ཐོགས་གློག་ཀླད། རིག་ནུས་ལག་ཐོགས་ཆུ་ཚོད་བཅས་ཚུད་པའི་དྲ་སྦྲེལ་རུང་བའི་བརྡ་འཕྲིན་སྒྲིག་ཆས་ཡོད་དོ་ཅོག་གཏན་འགོག་བྱེད་དགོས། གལ་སྲིད་སློབ་མས་གོང་གསལ་གྱི་གློག་རྡུལ་ཐོན་རྫས་གང་རུང་སློབ་གྲྭར་འཁྱེར་ཡོང་ཚེ། སློབ་གྲྭ་ནས་གཅིག་གྱུར་ཐོག་བདག་དོམ་བྱེད་པའི་དབང་ཆ་སྤྱད་དགོས། གཞན་འབྲེལ་ཡོད་གཏན་འབེབས་དང་ལག་བསྟར་ཞིབ་ཕྲ་བཟོས་ནས་སློབ་གྲྭ་ཆུང་འབྲིང་གི་སློབ་མས་སློབ་གྲྭ་ནས་ཁ་པར་བཀོལ་སྤྱོད་བྱེད་སྟངས་ཚུལ་ལྡན་དུ་བཏང་སྟེ། སློབ་གྲྭ་ཆུང་འབྲིང་གི་སློབ་མས་ཁ་པར་སློབ་རར་འཁྱེར་འོང་བ་ནི་སྒྲིག་ལམ་དང་འགལ་བའི་བྱ་སྤྱོད་ཡིན་པ་གསལ་འབེབས་བྱེད་དགོས་པ་དང་། སློབ་གྲྭས་ཁྱིམ་བདག་ལ་མཉམ་འབྲེལ་གྱི་རེ་བ་འདོན་པ་དང་འོས་འཚམ་གྱི་ཆད་པ་གཅོད་པའི་དབང་ཆ་ཡོད་པ་བྱས་ཐོག དོན་དག་དེ་རིགས་སློབ་གྲྭ་དང་དགེ་རྒན་གྱིས་ཐག་གཅད་ཆོག་པར་ཁྲིམས་ཀྱི་རྒྱབ་རྟེན་བཅའ་དགོས།

གཉིས། སློབ་གྲྭས་དོ་དམ་ཚུལ་ལྡན་དང་། སློབ་ཁྲིད་བྱེད་སྟངས་དང་ནང་དོན་ལ་ཐབས་ལམ་ཅི་རིགས་སྤྱད་དེ་འགན་འཁྲིའི་འདུ་ཤེས་ཇེ་ཆེ་དང་། ལམ་ལུགས་འཐུས་ཚང་བཟོ་བ། ཉིན་རྒྱུན་གྱི་ལྟ་རྟོག་ཇེ་དམ་བཅས་སུ་བཏང་ནས་སློབ་མས་སློབ་གྲྭ་ནས་ཁ་པར་འཛིན་པ་སྒྲིག་འགལ་དུ་ལྟ་དགོས་པ་དང་ཆབས་ཅིག སློབ་རའི་སྤྱི་གཞུང་ཁ་པར་ཁང་བཀོད་སྒྲིག་ལེགས་པོ་བྱས་ནས་སློབ་མས་ཁྱིམ་བདག་བར་འབྲེལ་བ་བྱེད་པར་སྟབས་བདེར་བཟོ་དགོས། སློབ་གསོ་སྡེ་ཚན་ནས་གོང་ནས་འོག་ཏུ་སློབ་མའི་འཚར་ལོངས་དང་སློབ་སྦྱོང་གི་དགོས་མཁོ་དང་འཚམ་པའི་ཆ་འཕྲིན་དྲ་རྒྱ་བཙུགས་ནས་གདན་འཇོག་གློག་ཀླད་བཀོལ་སྤྱོད་ཁྱབ་གདལ་དུ་གཏང་དགོས་པ་དང་། སྒྲིག་རིམ་དང་། མིའི་བཟོས་རིག་ནུས། ཆ་འཕྲིན་ཅན་གྱི་དོ་དམ་སོགས་འབྲེལ་ཡོད་སློབ་ཁྲིད་བཀོད་སྒྲིག་བརྒྱབ་ནས་ཁྲིད་སྟོན་ཡང་དག་གི་འོག་ནས་སློབ་མས་གློག་ཀླད་ཀྱི་བྱེད་ནུས་སྣ་ཚོགས་ལ་སྦྱོང་བ་བྱེད་ཐུབ་ཏུ་འཇུག་དགོས་པའི་ཁར། བདེ་འཇགས་ཡིན་ལ་བདེ་ཐང་ཡིན་པའི་དྲ་རྒྱའི་ཁོར་ཡུག་ལ་བརྟེན་ནས་དྲ་སྦྲེལ་ལ་དྲང་ཕྱོགས་ནས་ངོས་ཟིན་དང་བཀོལ་སྤྱོད་ལེགས་པོ་ཐུབ་ཏུ་འཇུག་དགོས་པ་བསྟན།

གསུམ། ཁྱིམ་ཚང་དང་སློབ་གྲྭ་མཉམ་འབྲེལ་ཐོག་སློབ་མར་གསར་གཏོད་ཀྱི་ཁོར་ཡུག་བསྐྲུན་དགོས། ཕ་མ་ནི་བུ་ཕྲུག་གི་དགེ་རྒན་དང་པོ་ཡིན་པས། ཁྱིམ་བདག་གི་འགྲོ་འདུག་སྤྱོད་གསུམ་གྱིས་བྱིས་པའི་འཚར་ལོངས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད། སློབ་གྲྭས་ཁྱིམ་ཚང་གི་གནས་ཚུལ་ལ་འདྲི་རྟོགས་དང་། ཁྱིམ་བདག་ཚོགས་འདུ་སྤེལ་བ་སོགས་རྣམ་པ་བརྒྱུད་ནས་ཁྱིམ་བདག་གིས་སློབ་གྲྭས་སྤེལ་བྱའི་ལས་ཀར་མཉམ་འབྲེལ་དང་། བྱིས་པར་ཁ་པར་མི་སྟེར་བ། གལ་སྲིད་བྱིན་རུང་ཕྱིར་ལེན་དགོས་པར་དྲན་སྐུལ་བྱས་ནས་བྱིས་པར་ལྟ་རྟོག་དང་སྲུང་སྐྱོང་ལ་འགན་འཁུར་དུ་འཇུག་དགོས། དེ་མ་ཟད་སློབ་གྲྭས་ཁྱིམ་བདག་རང་ངོས་ཀྱི་དྲ་རྒྱའི་གོ་རྟོགས་ཇེ་ཆེ་དང་། རང་ཉིད་ཀྱི་འགྲོ་འདུག་སྤྱོད་གསུམ་ནས་འགོ་བརྩམས་ནས་ཁ་པར་ལ་མགོ་མི་འཁོར་བར་བྱིས་པའི་བར་འབྲེལ་འདྲིས་མང་པོ་བྱས་ཐོག སློབ་སྦྱོང་དང་། མིའི་འབྲེལ་འདྲིས་གང་འདྲ་ཡིན་པ་དང་། དཀའ་ངལ་ག་འདྲ་འཕྲད་ཡོད་པ་སོགས་ལ་རྒྱུས་ལོན་བྱས་ནས་ལམ་སེང་ཐག་གཅོད་བྱེད་པར་རོགས་བྱེད་དགོས་ལ། སློབ་མ་ཡང་དག་པའི་སྒོ་ནས་དྲ་ལམ་དུ་ཁྲིད་དེ། དྲ་བ་ལ་མགོ་འཁོར་ཞིང་རང་དབང་བྲལ་བའི་ཁ་པར་ལ་གཡེང་བར་སྔོན་འགོག་བྱེད་དགོས་པའི་གྲོས་གཞི་བཏོན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
ཡིག་སྒྱུར། ཁོན་ཐར་འཚོ།