སྒྲོལ་དཀར་གྱིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིར་མཇལ་དར་ཕུལ་བ།
སྤེལ་བའི་དུས་ཚོད། : 2019-03-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

 

སྤྱི་ཟླ་༣ཚེས་༡༠ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ཨུད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་དམངས་ལ་བཅངས་པའི་བརྩེ་བ་ཟབ་མོ་བསྣམས་ནས། བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཏེ། འཐུས་མི་ཚོ་དང་ལྷན་དུ་འཕེལ་རྒྱས་དང་ཇུས་ཆེན་གླེང་བ་རེད།

བཀྲ་ཤིས་བདེ་ལེགས། བཀྲ་ཤིས་བདེ་ལེགས་ཞེས་ཞུས་པ་དང་། སྔ་དྲོའི་ཆུ་ཚོད་༩ཙམ་གྱི་སྟེང་། ཝང་ཡང་མི་དམངས་ཚོགས་ཁང་ཆེན་མོའི་བོད་ཀྱི་ཚོམས་ཆེན་དུ་ཕེབས་སྐབས། མི་རིགས་ཀྱི་གཟབ་མཆོར་ལེགས་པར་སྤྲས་པའི་བོད་ཀྱི་འཐུས་མི་སྒྲོལ་དཀར་དང་། མོན་པ་རིགས་ཀྱི་འཐུས་མི་སྐལ་བཟང་བདེ་སྐྱིད་གཉིས་ཀྱིས་དཀར་ཞིང་གཙང་བའི་མཇལ་དར་བསྒྲོན་པ་རེད། ཝང་ཡང་གིས་ཁོ་ཚོ་དང་ཕྱག་བཏང་བར་མ་ཟད། སྒྲོལ་དཀར་ལ། ངས་ཁྱེད་རང་ངོ་ཤེས་ཀྱི་ཡོད། བརྙན་འཕྲིན་ནང་ཐེངས་མང་པོ་མཐོང་མྱོང་ཡོད་ཅེས་གསུངས་པ་རེད།

ཚོགས་ར་ཡོངས་སུ་དགའ་ཚོར་གྱི་རྣམ་པས་ཡོངས་སུ་ཁེངས་ཡོད། སྐབས་དེར། གངས་ལྗོངས་ས་མཐོའི་བུ་ཕྲུག་ཚོའི་སེམས་པ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་སྔར་བས་དམ་པོར་སྦྲེལ་ཡོད། ༢༠༡༨ལོར། དུས་རབས་ཀྱི་དཔེ་བཟང་བའི་མཚན་སྙན་ཐོབ་པའི་འཐུས་མི་སྒྲོལ་དཀར་དང་རྒྱལ་ཡོངས་ཀྱི་དར་དམར་བའི་མཚན་སྙན་ཐོབ་མཁན་སྐལ་བཟང་བདེ་སྐྱིད་གཉིས་ནི། བོད་ཀྱི་གཞི་རིམ་ལས་བྱེད་མང་ཚོགས་ཚོས་མཐའ་སྐྱོང་བོད་བརྟན་སྐོར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གལ་ཆེའི་རྒྱས་བཤད་ལག་བསྟར་བྱས་ནས། བླ་ན་མེད་པའི་རྒྱལ་ཁོངས་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་མཁན་ཞིག་བྱེད་ཅེས་པ་ལག་ལེན་བྱས་པའི་ཞིབ་ཕྲའི་མངོན་ཚུལ་ཞིག་རེད། ཁོ་ཚོས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་བཅངས་པའི་བརྩེ་སེམས་བསྣམས་ཡོད། དགའ་བསུ་ཞུ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ཝང་ཡང་གིས་འཐུས་མི་ཚོགས་པའི་འཐུས་མི་རེ་རེ་དང་ཕྱག་བཏང་ནས་མཚམས་འདྲི་ཞུས་པ་རེད།

དེའི་རྗེས། འཐུས་མི་ཚོགས་པའི་གྲོས་ཞིབ་འགོ་ཚུགས་ཡོད་པ་དང་། འཐུས་མི་ཕུར་བུ་དོན་གྲུབ་དང་སྐལ་བཟང་སྒྲོལ་དཀར། བཀྲ་ཤིས་རྒྱལ་མཚན། ཕུན་ཚོགས། སྒྲོལ་དཀར། སྐལ་བཟང་བདེ་སྐྱིད། ཚེ་རིང་མཚོ་བསྟན། སྒོ་གོག་སོགས་ཀྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ལྷན་ཁང་གི་ལས་དོན་སྙན་སྒྲོན། ཕྱི་ཕྱོགས་ཚོང་དོན་མ་འཇོག་བཅའ་ཁྲིམས་ཀྱི་འཆར་ཟིན་བཅས་དང་། སོ་སོའི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྔ་རྗེས་སུ་གཏམ་བཤད་གནང་བ་རེད། ཚང་མས་འཕོ་འགྱུར་དང་གྲུབ་འབྲས། འཕེལ་རྒྱས། གྲོས་འགོ་སོགས་གླེང་ཡོད་པ་རེད།

བཀྲག་མདངས་འཚེར་ས་རེ་རེ་དང་། དགའ་འོས་པའི་གྲངས་གཞི་མང་པོ་ཞིག་གི་ཐོག་ནས། བོད་ཀྱིས་དབུལ་སྒྲོལ་འགག་གཏོར་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་ཐེབས་པ། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་། མཐའ་མཚམས་སྲ་བརྟན། སྐྱེ་ཁམས་སྲུང་སྐྱོང་། ཏང་འཛུགས་ལ་ཤུགས་སྣོན་བརྒྱབ་པའི་སྲ་ཞིང་བརྟན་པའི་གོམ་སྟབས་སྤོས་པ་བཀོད་ཡོད་པ་རེད།

ལྗོངས་ཡོངས་ཀྱི་ས་ཁུལ་ཐོན་སྐྱེད་སྤྱིའི་རིན་ཐང་དེ་སྒོར་དུང་ཕྱུར་༡༤༠༠དང་བརྒྱ་ཆ་༡༠ཙམ་འཕར་སྣོན་བྱུང་བ་དང་། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བགོས་འགྲེམ་ཆོག་པའི་ཡོང་འབབ་དེ་བརྒྱ་ཆ་༡༣ཙམ་འཕར་སྣོན་བྱུང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཆ་སྙོམས་བགོས་འགྲེམ་ཆོག་པའི་ཡོང་འབབ་དེ་བརྒྱ་ཆ་༡༠ཡན་འཕར་བ། རྫོང་དང་ཆུས་༢༥དབུལ་ཞྭ་ཕུད་པའི་ཚད་གཞིར་སླེབས་པ། གྲོང་ཚོ་དང་སྡེ་ཁུལ་༢༡༠༠དབུལ་སྒྲོལ་གྱི་ཚད་གཞིར་སླེབས་པ། མི་ཁྲི་༡༨དབུལ་སྒྲོལ་གྱི་ཚད་གཞིར་སླེབས་པ། མང་ཚོགས་ཀྱི་བདེ་འཇགས་སྣང་བ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསླེབས་པ་དང་། མང་ཚོགས་ཀྱིས་འདོད་མོས་བྱེད་ཚད་དེ་བརྒྱ་ཆ་༩༩ཡན་ཟིན་པ་བཅས་བྱུང་ཡོད་པ་རེད།

ཤིང་ལ་རྩ་བ་ཡོད་པས་ལོ་འདབ་རྒྱས་པ་བྱུང་། ཆུ་མགོ་བརྟན་པས་རྒྱུགས་ཆུ་ཆད་ཐབས་མེད། གྲུབ་འབྲས་དེ་ལྟ་བུ་ཐོབ་པ་ནི། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བྱམས་བརྩེའི་ཐུགས་ཁུར་དང་འགྱུར་མེད་ཀྱི་དབུ་ཁྲིད་ལས་བྱུང་བ་ཞིག་རེད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་སྔ་ཕྱི་བར་གསུམ་དུ། ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བཞིན་ཡོད།

འཐུས་མི་སྐལ་བཟང་སྒྲོལ་དཀར་གྱིས། ང་ཚོའི་གྲོང་ཚོའི་ཐོག་མའི་མིང་ལ་ཁྲུང་ལྷ་ཟེར་གྱི་ཡོད་ཅིང་། དེ་ནི་དབུལ་པོའི་གྲོང་ཚོ་ཞིག་ཡིན། ཏང་གི་ཐུགས་ཁུར་འོག གྲོང་མི་ཚོས་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྱལ་ཐུབ་པ་བྱུང་ནས། ཚང་མས་དར་དམར་གྲོང་ཚོ་ཞེས་མིང་སྒྱུར་བྱ་རྒྱུའི་རེ་བ་བཏོན་པ་དང་། དེའི་ཐོག་ནས་ཚང་མ་ཏང་གི་རྗེས་སུ་འབྲངས་རྒྱུ་ཡིན་པ་མཚོན་གྱི་ཡོད་ཅེས་གསུངས་པ་རེད།

ཝང་ཡང་གིས་འཐུས་མི་ཚོས་དགའ་འོས་པའི་གྲུབ་འབྲས་གླེང་བར་གཟབ་ནན་གྱིས་གསན་པ་དང་། སྐབས་འགར་ཟིན་བྲིས་བསྐྱོན་པ་དང་། སྐབས་འགར་བཀའ་འདྲི་ཞུས་ནས་མཉམ་དུ་གླེང་མོལ་གནང་ཡོད་པ་རེད།

ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་དུ་ལས་ཀ་བྱེད་བཞིན་པའི་འཐུས་མི་བཀྲ་ཤིས་རྒྱལ་མཚན་གྱིས་སྣང་ཆེན་བཞི་དང་དགའ་ཞེན་བཞི་ཡི་མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུལ་དང་། ཕ་ཡུལ་ལྷོ་པ་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་ལ་འགྱུར་ལྡོག་ཆེན་པོ་བྱུང་ཚུལ་སྙན་ཞུ་ཕུལ་ཡོད། མང་ཚོགས་ཚང་མའི་ཁྱིམ་དུ་རྒྱལ་དར་དང་གཙོ་འཛིན་གྱི་སྐུ་པར་བཀལ་ཡོད། དེ་དག་ནི་ང་ཚོའི་མཚོན་རྟགས་ཤིག་རེད་ཅེས་ཞུས་ཡོད། ཝང་ཡང་གིས་གསན་རྗེས། འཐུས་མི་བཀྲ་ཤིས་རྒྱལ་མཚན་ལ་གྲངས་ཉུང་མི་རིགས་ལ་སློབ་གསོ་ཐེབས་ཚད་མཁྱེན་རྟོགས་གནང་བར་མ་ཟད། ན་གཞོན་ཚོར་སློབ་གསོ་ཡག་པོ་ཞིག་མྱོང་ཐུབ་རྒྱུའི་ཐུགས་རེ་གནང་བ་རེད།

མང་ཚོགས་ཀྱི་ཁེ་ཕན་ལ་དམ་པོར་དམིགས་ནས། ཝང་ཡང་གིས་ད་དུང་འཐུས་མི་ཚོར་མངའ་རིས་ས་ཁུལ་གྱི་གློག་ཤུགས་དང་གློག་དྲ་འཛུགས་སྐྲུན་བྱས་ཚུལ་དང་། བོད་ཀྱི་དབུལ་སྒྲོལ་འགག་གཏོར་སོགས་ཀྱི་ལས་དོན་སྤེལ་ཚུལ་ཐད་ཀྱི་བཀའ་འདྲི་གནང་བ་རེད། ཁོང་གིས་བོད་ལ་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་ནས། གློག་དྲ་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་དགོས་ཤིང་། དབུལ་སྒྲོལ་འགག་གཏོར་ཡོང་བར་ངེས་པར་དུ་དངོས་ཐོག་བདེན་འཚོལ་དང་། ཐ་དག་དངོས་ཡོད་དང་བསྟུན་ནས་འགོ་འཛུགས་དགོས་པར་ནན་གྱིས་གསུངས་པ་རེད།

མཛའ་བརྩེའི་ཐུགས་ཁུར་དང་། ངག་འཇམ་པའི་བཀའ་མོལ་ལས་འཐུས་མི་ཚོར་སེམས་འགུལ་ཆེན་པོ་ཐེབས་ཡོད་པ་དང་།

གཏམ་བཤད་ལ་ནན་ཏན་གྱི་གསན་པ་དང་། གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་རྗེས། ཝང་ཡང་གིས་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡི་གནང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ལྷན་ཁང་གི་ལས་དོན་སྙན་སྒྲོན་ལ་རྦད་དེ་མོས་མཐུན་ཡོད་ཅེས་གསུངས་པ་དང་། ཁོང་གིས་འདས་ཟིན་པའི་ལོ་གཅིག་ནང་བོད་ཀྱི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བརྟན་པོའི་ཁྲོད་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་མོད། འོན་ཀྱང་ཉེན་ཁ་དང་འགྲན་རྩོད་ཡང་སྔར་བཞིན་གནས་ཡོད། བོད་ཀྱི་ལས་དོན་སྐོར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱས་ནས། མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོབ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བྱེད་པའི་ཐོག་མའི་དམིགས་ས་དང་དོན་ལ་འབབ་སར་དམ་པོར་དམིགས་པ་དང་། ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་ལ་སྟངས་འཛིན་གྱིས། བདེ་སྡོད་ཉེན་བསམ་དང་། བརྟན་ཐོག་ཡར་འཕེལ་ཡོང་བར་བྱས་ཏེ། སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་བའི་རྣམ་པ་སྔར་བས་ཇེ་བརྟན་དུ་གཏོང་བ་དང་། དགོན་སྡེའི་དོ་དམ་ནུས་པར་ཤུགས་སྣོན་དང་། དབུལ་སྒྲོལ་འགག་གཏོར་གྱི་སྤུས་ཚད་སྔར་བས་གོང་མཐོར་གཏོང་བ་བཅས་བྱས་ནས། གངས་ལྗོངས་ས་མཐོ་ཞི་མཐུན་བརྟན་ལྷིང་དང་། མི་རིགས་ཁག་གི་མང་ཚོགས་གནས་སྐྱིད་ལས་བརྩོན་ཡོང་བར་བྱ་དགོས་ཞེས་གསུངས་པ་རེད།

བརྩེ་བ་མཚོན་པའི་བཀའ་མོལ་ལས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་ཐུགས་ཁུར་དང་། བོད་ཀྱི་ལས་བྱེད་མང་ཚོགས་ལ་རེ་བ་ནན་པོ་བཅོལ་བ་མཚོན་གྱི་ཡོད་པས། སླར་ཡང་དགའ་བསུའི་ཐལ་མོའི་རྡེབ་སྒྲས་ཁེངས་པ་རེད།

ཝུའུ་དབྱིང་ཅེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས། བློ་མཐུན་ཝང་ཡང་གི་གསུང་བཤད་ཀྱིས་ང་ཚོས་བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད་པས། ང་ཚོས་ཆོད་སེམས་སྔར་བས་བརྟན་པ་དང་། དམ་པ་དོན་གཉེར་གྱི་བྱ་ལུགས་བཟང་པོའི་ཐོག་ནས་ལས་དོན་ཁག་ཡག་པོ་བསྒྲུབ་དགོས་པ་དང་། གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བ་དང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་༦༠འཁོར་བར་བསུ་བ་ཞུ་དགོས་ཞེས་གསུངས་པ་རེད།

འཐུས་མི་ཚོས། ནུས་ཤུགས་ཡོད་རྒུས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུ་འགན་ལེན་དང་། དབུལ་སྒྲོལ་འགག་གཏོར་གྱི་ལས་དོན་ཡག་པོ་སྒྲུབ་པ། དམངས་འཚོ་ལེགས་བཅོས་དང་འགན་ལེན། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གཞི་རིམ་གྱི་རྨང་གཞིའི་ལས་དོན་ཇེ་བརྟན་དུ་གཏོང་བ་བཅས་བྱས་ནས། གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐུགས་བདེ་བ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་བློ་ཡིད་ཚིམ་པོ་ཡོང་བར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཡོང་ཁུངས། སེམས་ཀྱི་ཞིང་ཁམས།