སྤྱི་ལོ་༢༠༡༩ལོའི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་མཚན་ཚོགས་སྨྱན་སྦྱོར་ལས་སྒྲོལ་ནས་བརྒྱུད་གཏོང་བྱས་པའི་ཟིན་ཟོ་གསར་པ་གཏོད་པ་དང་། གཟིགས་མོ་བའི་མི་གྲངས་དུང་ཕྱུར་༡༡དང་བྱེ་བ་བདུན་དང་ས་ཡ་གསུམ་ཟིན་པ།
སྤེལ་བའི་དུས་ཚོད། : 2019-02-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་སྤྱི་ལོ་༢༠༡༩ལོའི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་དེ་གནམ་གང་གི་དགོང་མོར་དུས་གཏན་ལྟར་རྒྱ་ཆེའི་གཟིགས་མོ་བར་སྟོན་ཡོད་པ་རེད། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བཙུགས་རྗེས་ཀྱི་དཔྱིད་གསར་དུས་ཆེན་ཐོག་མ་དེ་ཡིན་པའི་ངོས་ནས་ཞི་མཐུན་དང་། དྲོ་སྐྱིད། སྤྲོ་སྣང་བཅས་ཀྱི་རྣམ་པས་ཕྱུག་པའི་ངང་སྤྱི་ཚོགས་ཀྱི་དྲང་ནུས་དང་རྒྱལ་ཁབ་ཀྱི་བརྩེ་སེམས་བརྒྱུད་གཏོང་བྱས་ཡོད་པ་དང་། རྒྱལ་ཁབ་ཕྱི་ནང་དུ་གསན་གཟིགས་གནང་མཁན་གྱི་མི་གྲངས་དུང་ཕྱུར་༡༡དང་བྱེ་བ་བདུན་དང་ས་ཡ་གསུམ་ཟིན་པ་དང་། སྤྱི་ཡོངས་ལ་བསྔགས་བརྗོད་བྱེད་ཚད་བརྒྱ་ཆ་༩༦དང་གྲངས་ཆུང་༩༨ཟིན་སྟེ། ཉེ་བའི་ལོའི་རིང་གི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གཟིགས་མོ་བས་དགའ་ཤོས་བྱེད་པའི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ཀྱི་གྲས་ཤིག་ཏུ་གྱུར་ཡོད་པ་རེད།

ད་ལོའི་སྤྱི་གསར་དུས་ཆེན་གྱི་མཚན་ཚོགས་དེ་དུས་རབས་གསར་པར་དཔའ་མཛངས་རྟུལ་ཕོད་ཀྱིས་བསྐྱོད། བདེ་སྐྱིད་གནམ་ལོ་གསར་པ་དགའ་གཏོང་བྱེད་ཅེས་པས་བརྗོད་བྱ་གཙོ་བོ་བྱས་པ་དང་། པེ་ཅིང་གི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཚོགས་ར་གཙོ་བོ་ཕུད། ད་དུང་ཅིན་ཀང་ཧྲན་དང་། ཧྲེན་ཀྲེན། ཁྲང་ཁྲུན་བཅས་ས་ཆ་གསུམ་དུ་ཡན་ལག་ཚོགས་ར་བཙུགས་ཡོད་ཅིང་། འཁྲབ་སྟོན་པ་རྒན་བྱིས་དར་གསུམ་གྱིས་མཉམ་དུ་འཁྲབ་སྟོན་བྱས་ཏེ་འབད་བརྩོན་ཆེན་པོ་མདུན་དུ་བསྐྱོད་པའི་ཡིད་ཆེས་ཀྱི་རྣམ་པས་ཕྱུག་མཁན་གྱི་ཕུག་འདུན་བརྩོན་ལེན་བྱས་ཡོད། ཆ་སྙོམས་དགུང་ལོ་༨༢ལ་ཕེབས་པའི་སྒྱུ་རྩལ་མཁས་པ་རྒན་གྲས་ཀྱིས་ང་དང་ངའི་མེས་རྒྱལ་ཞེས་པ་འཁྲབ་གཏོང་བྱས་ཏེ། རྒྱལ་ཁབ་ལ་བཅངས་བའི་བརྩེ་སེམས་ཟབ་མོ་མཚོན་པར་བྱས་ཡོད། གཞོན་སྐྱེས་ཚོས་སྤྲོ་བ་འཕེལ་ཞིང་ཁོན་ཐོག་མེད་པ། གསོན་ཤུགས་ཀྱི་རྒྱས་པ་བཅས་ཀྱི་དབྱངས་རྟའི་ཐོག་ནས་ཀྲུང་གོ་བའི་སེམས་ནང་གི་སྤྲོ་སྣང་མཚོན་པར་བྱས་ཡོད་པ་རེད།

ད་ལོའི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་དེར་སྒྱུ་རྩལ་གྱི་སྣ་རིགས་ཕུན་སུམ་ཚོགས་པ་དང་ནང་དོན་འདྲ་མིན་སྣ་ཚོགས་ཡོད་པ་རེད། སྐད་བརྡའི་རིགས་ཀྱི་ལེ་ཚན་ནི་དམངས་འཚོའི་རྟགས་གླེང་གནད་དོན་དང་ཐག་ཉེ་བ་དང་། སྤྱི་ཚོགས་ཀྱི་རྟག་གླེང་གནད་དོན་མཐའ་དག་ཆུང་ཚགས་ཀྱི་སྒོ་ནས་མཚོན་པར་བྱས་པ། བསྟན་བཤིག་ཚ་པའི་རྣམ་པའི་ཐོག་ནས་བརྗོད་དོན་གཙོ་བོ་མཚོན་པར་བྱས་ཡོད། འཁྲབ་ཚན་ཆུང་གྲས་བུ་ཕྲུག་ལོག་སླེབས་པ་ཞེས་པ་དེས་ལུས་ཁམས་གསོ་ཚིས་ཀྱིས་མགོ་སྐོར་གཏོང་བ་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་དམར་རྗེན་དུ་སྟོན་ནས་སུན་འབྱིན་བྱས་ཡོད་པ་དང་། འཁྲབ་ཚན་ཆུང་གྲས་ཕྱི་ཚུལ་རྣམ་པ་ཁྱོད་ལ་སྟོན་པ་ཡིན་ཞེས་པ་དེས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་སྤྱོད་ཚུལ་ངན་པར་སུན་འབྱིན་ཁ་རྡུང་བཏང་ཡོད་པ་རེད།

ད་ལོའི་དཔྱིད་གསར་དུས་ཆེན་མཚན་ཚོགས་ཀྱི་དམིགས་བསལ་ཇུས་འགོད་བྱས་པའི་སྔོན་ཐོན་མིག་དཔེའི་མི་སྣ་དང་དུས་རབས་དཔེ་སྟོན་མི་སྣ་གདན་ཞུ་བྱས་ནས་རྒྱལ་ཡོངས་མི་དམངས་ལ་ལོ་གསར་གྱི་རྟེན་འབྲེལ་ཞུས་ཡོད་པ་རེད། རླུང་འགེབས་ཤེལ་སྒོར་འཕྲོ་བརླགས་ཐེབས་ཡོད་ཀྱང་གནམ་གྲུ་བདེ་བླག་ངང་གནམ་ཐང་དུ་བབས་པའི་གནམ་གྲུའི་ཐོག་ལས་བྱ་པ་ཡང་མཚན་ཚོགས་ཀྱི་ཡུལ་དངོས་སུ་ཕེབས་ཡོད་པ་རེད།

ད་ལོའི་དཔྱིད་གསར་དུས་ཆེན་གྱི་ཆེས་དམིགས་བསལ་དུ་གྱུར་བ་ཞིག་ནི་ཕྱོགས་མཐའ་ཀུན་གྱི་ལག་རྩལ་གསར་གཏོད་རྣམ་པའི་ཐོག་ནས་སྔར་ནས་འབྱུང་མྱོང་མེད་པའི་གསན་གཟིགས་ཀྱི་འདྲ་བཅོས་གང་ལེགས་མཚོན་ཡོད། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་དང་། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས། ཀྲུང་གོ་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁུངས་བཅས་ཀྱི་འཕྲིན་ལམ་ཁག་དང་སྨྱན་སྦྱོར་གསར་པའི་སྟེགས་བུའི་བཟང་ཆ་བེད་གང་ལེགས་སྤྱད་དེ། ༤Kརིམ་འདས་དྭངས་གསལ་དང་དེ་བཞིན་༥Gདང་VRསོགས་མཚན་རྩལ་གསར་པ་སྨྱན་སྦྱོར་གསར་པས་བརྒྱུད་གཏོང་བྱེད་པའི་ཁྲོད་དུ་ཐད་ཀར་སྤྱད་ཡོད་པ་རེད། བརྙན་སྟོན་ཆེ་ཆུང་མི་འདྲ་བ་མཐུན་སྦྱོར་གོང་འཕེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་པ་དེས་གཟིགས་མོ་བའི་གསན་གཟིགས་ཀྱི་དགོས་མཁོ་སྐོང་བ་མ་ཟད། སྒུལ་འཕྲིན་མཐའ་སྣེའི་གསན་གཟིགས་བྱེད་པ་ཚད་ལས་བརྒལ་ཡོད་པ་དང་། སྨྱན་སྦྱོར་གསར་པའི་ཕན་ཚུན་སྤེལ་རེས་བྱེད་པ་མི་གྲངས་ཀྱང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་ཡོད་ལ། ཤོག་ཆག་ཕན་ཚུན་བཀུར་རེས་བྱེད་པ་མིའི་ཐེངས་གྲངས་དུང་ཕྱུར་༢༠༨ཟིན་པ་དང་། བརྙན་མཐོང་ལྟ་ཚད་ཀྱི་སྤྱི་འབོར་དུང་ཕྱུར་༢༤༧ཟིན་ཡོད་པ་རེད།

ད་ལོའི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་དེར་རྒྱ་ཆེའི་གཟིགས་མོ་བའི་ཁྲོད་དུ་ལན་ཆ་བཟང་པོ་བྱུང་ཡོད་པ་དང་། ཚང་མས་མཚན་ཚོགས་དེས་མི་རྣམས་ལ་དཔང་མཛངས་རྟུལ་ཕོད་ཀྱི་མདུན་བསྐྱོད་ཀྱི་གླུ་སྒྲ་དང་སེམས་ཤུགས་ཆེན་པོས་རྩལ་ནུས་ཐོག་ནས་མི་རྣམས་ཀྱི་འབད་ཐབས་ཆེར་བསྐྱེད་དང་ཕུགས་འདུན་བརྩོན་ལེན་བྱེད་ཕོད་པར་བསྔགས་སྐུལ་བྱས་པ་དང་། སྐད་བརྡའི་རིགས་ཀྱི་ལེ་ཚན་ནི་དམངས་ཚོའི་རྟགས་གླེང་གནད་དོན་དང་ཐག་ཉེ་བ་དང་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ་བརྒྱུད་དེ་དུས་རབས་གསར་པའི་གོང་འཕེལ་གྱི་གོམས་སྟབས་གང་ལེགས་བཀོད་པའི་རྣམ་པ་བསྟན་ཡོད་པ་རེད།

ཆུ་ཚོད་༢༣དང་སྐར་མ་༣༠ཐོག་ཏུའང་ངོ་མཚར་ཆེ་བའི་འཁྲབ་སྟོན་མུ་མཐུད་བཞིན་ཡོད་པ་རེད། སྤུན་ཟླ་ཤང་ཀང་དང་ཨའོ་མོན། ཐའེ་ཝན་སྤུན་ཟླ་བཅས་དང་ཕྱི་རྒྱལ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་རང་མི་བཅས་ནས་ཐབས་ལམ་སྣ་ཚོགས་བརྒྱུད་དེ་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ལ་གསན་གཟིགས་བྱས་ཡོད་པ་དང་། ཚང་མས་གཅིག་རྗེས་གཉིས་མཐུད་ཀྱི་སྒོ་ནས་ནང་མི་ལྷན་འཛོམས་ཀྱི་སྲོལ་རྒྱུན་དུས་ཆེན་རིང་། དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་དེས་དྲོ་སྐྱིད་དང་སྤྲོ་སྣང་འབྱིན་བྱུང་ལ། ཀྲུང་ཧྭ་མི་རིགས་ཀྱི་གོང་བུར་སྒྲིལ་ཤུགས་ཆེ་རུ་ཕྱིན་སོང་ཞེས་བཤད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།