༼ཁྱིམ་ལ་ལོག་འགྲོ།༽གངས་ཕྲུག་བློ་རྒྱ།
སྤེལ་བའི་དུས་ཚོད། : 2019-02-05 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

༼ཁྱིམ་ལ་ལོག་འགྲོ།༽
རྩོམ་པ་པོ། གངས་ཕྲུག་བློ་རྒྱ།
གྱེར་འདོན་པ། མིག་དམར་རྒྱ་མཚོ།

རྡུལ་འཚུབ་ལང་ལོང་གི་ལོ་ཟླའི་ཁྲོད།
རྔུལ་ཆུ་ཁྲུལ་ཁྲུལ་གྱི་ལས་བྲེལ་དབང་གིས།
ཁྱིམ། གཙང་པོའི་ཕ་རོལ་གྱི་དྲན་པའི་རྡོ་རྩིག་ཅིག
ཐག་རིང་དུ་ལུས་པའི་ངའི་ཞག་གཅིག་གི་མགྲོན་ཁང་ཡིན།

ཁྱིམ་ལ་ལོག་འགྲོ། ཁྱིམ་ལ་ལོག་ཐེངས་རེར།
ངས་ཨ་ཕའི་སྐྲ་ལོར་ཁ་བ་འབབ་གྱིན་པ་ཚོར།
ཁྱིམ་ལ་ལོག་འགྲོ། ཁྱིམ་ལ་ལོག་ཐེངས་རེར།
ངས་ཨ་མའི་སྐུ་གཟུགས་རྔ་གཡབ་ལྟར་གུག་གྱིན་པ་ཤེས།
ཁྱིམ་ལ་ལོག་འགྲོ། ཁྱིམ་ལ་ལོག་ཐེངས་རེར།
ངའི་མིག་ལ་ཕ་མ་རྒས་གྱིན་པའི་སྐྱོ་གདུང་གི་མིག་ཆུ་འཁོར།
ཁྱིམ་ལ་ལོག་འགྲོ། ཁྱིམ་ལ་ལོག་ཐེངས་རེར།
ངའི་སེམས་ལ་ནང་མི་མཉམ་འཛོམས་ཀྱི་དགའ་སྤྲོའི་མེ་ཏོག་བཞད།
ཁྱིམ་ལ་ལོག་འགྲོ། ཁྱིམ་ལ་ལོག་ཐེངས་རེར།
ཕར་ལ་ཀུ་ཤུ་རྒྱ་མ་འགའ་ཡི་གཞན་ཡུལ་གྱི་དྲན་གདུང་འཁྱེར་ཆོག
ཁྱིམ་ལ་ལོག་འགྲོ། ཁྱིམ་ལ་ལོག་ཐེངས་རེར།
ཚུར་ལ་མར་རྩམ་དོ་པོ་འགའ་ཡི་ཕ་ཡུལ་གྱི་བརྩེ་བ་བསྣམ་ཆོག

ཁྱིམ་ལ་ལོག་འགྲོ།
ཕ་མ་ཡོད་དུས་ཁྱིམ་ལ་མ་ལོག་ན།
ཁྱེད་ཀྱིས་ཕ་མ་ཇི་ལྟར་རྒས་འགྲོ་བ་མ་ཚོར་ལ།
ཚ་བོ་དང་ཚ་མོ་ཇི་ལྟར་ལོངས་གྱིན་པའང་མ་ཤེས་པས།
བཀའ་དྲིན་དང་བྱམས་སྐྱོང་གི་མི་ཚེའི་རིན་ཐང་རྟོགས་མི་སྲིད།

ཁྱིམ་ལ་ལོག་འགྲོ།
ཕ་མ་མེད་དུས་ཁྱིམ་ལ་མ་ལོག་ན།
ཁྱེད་ཀྱིས་སྤུན་མཆེད་ཚོ་སྲན་མའི་ལག་གདང་སྦྲེལ་ཡོད་དམ།
མེ་ལྕེའི་འཁོན་འགྲས་གཡོ་བཞིན་པ་མ་ཤེས་པས།
ཤ་རུས་གཅིག་གི་ལ་རྒྱའི་རིན་ཐང་རྟོགས་མི་སྲིད།

ཁྱིམ་ལ་ལོག་འགྲོ།
ཕ་མ་ཡོད་དུས་ཁྱིམ་ལ་ལོག་འགྲོ།
ཁྱིམ་ལ་ལོག་འགྲོ།
ཕ་མ་མེད་དུས་ཀྱང་ཁྱིམ་ལ་ལོག་འགྲོ།
ཁྱིམ་ནི་ཤ་རུས་གཅིག་གི་ཕ་གཞིས་ཟླུམ་པོ་ཡིན།
ཁྱིམ་ནི་རྣམ་ཤེས་དྲོ་བའི་སེམས་ཀྱི་མེ་ཐབ་ཡིན།
འོན་ཀྱང་། ཕ་མ་ཡོད་དུས་ཁྱིམ་ལ་ལོག་པ་ནི།
ཉི་མ་འཆར་དུས་ཁྱིམ་ལ་ལོག་པ་ཡིན།
ཕ་མ་མེད་དུས་ཁྱིམ་ལ་ལོག་པ་ནི།
མུན་པ་རུབ་དུས་ཁྱིམ་ལ་ལོག་པ་ཡིན།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་སྒྲིག་པ། སྒྲོལ་མ།