ཚང་མས་འབྲས་ཕྱེ་འདི་རིགས་ལ་མཉམ་ཞོག
སྤེལ་བའི་དུས་ཚོད། : 2018-11-21 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཉེ་ལམ། ཀོང་ཏུང་ཞིང་ཆེན་ཁྲོམ་ར་ལྟ་ཞིབ་དོ་དམ་ཅུས་ཡིས་སྟོན་དགུན་དུས་ཚིགས་བརྗེ་བའི་སྐབས་འདིར་བེ་ཏའི་སྐྱུར་རྟ་ལྟར་སྣང་རྐྱང་སྲིན་གྱི་ཟས་དུག་ཕོག་པར་དྲན་སྐུལ་བྱས་པ་དང་། སྲིན་བུ་འདི་ནི་དུས་ཚིགས་འདིར་འབྲས་ཕྱེ་དང་ཞོག་ཁོག་རིགས་ཀྱི་ཟས་རིགས་ལས་སྐྱེ་འཕེལ་བྱེད་པར་བཤད། དེ་ནི་ཕྱེ་རིགས་བཟའ་ཆས་བདག་ཉར་མ་ཚགས་པར་སྲིན་བུ་རིགས་སྐྱེ་འཕེལ་དང་དེ་རྫས་འགྱུར་བྱུང་བ་ལས་བྱུང་བས་རུལ་དྲི་བྲོ་བའི་འབྲས་ཕྱེ་དང་ཞོག་ཁོག་གི་ཕྱེ་སོགས་ཕྱེ་རིགས་སྣ་ཚོགས་མི་བཟའ་བར་གལ།

དེས་ན་ཟས་རིགས་གང་དག་ལ་འབུ་སྲིན་འདི་རིགས་འགོ་སླ་ཞེ་ན།

བེ་ཏའི་སྐྱུར་རྟ་ལྟར་སྣང་རྐྱང་སྲིན་ནི་དབྱར་ཁ་དང་སྟོན་དུས་སུ་འབྱུང་སླ་བས་དུས་སྐབས་འདི་ནི་དུས་ཚིགས་བརྗེ་བའི་སྐབས་ཡིན་པས་དྲོ་གྲང་མི་སྙོམ་པའི་གནམ་གཤིས་འོག་སྐྱེ་འཕེལ་སླ་བ་དང་། འབུ་སྲིན་འདི་རིགས་གོང་གི་ཟས་རིགས་འབྲས་ཕྱེ་དང་ཞོག་ཁོག་གི་རིགས་མ་གཏོགས། ད་དུང་འབྲུ་རིགས་ཀྱི་ཕྱེ་དང་རུལ་བཞིན་པའི་མོག་རོ་སོགས་ཀྱི་རིགས་ལ་འགོ་སླ་བས་ན། བཟའ་ཆས་འདི་རིགས་བདག་ཉར་མ་ཚགས་ན་འབུ་སྲིན་སྐྱེ་འཕེལ་བྱུང་ནས་ཟས་དུག་ཕོག་ཉེན་ཆེ།

གོང་གི་བཟས་ཆས་དེ་རིགས་བསིལ་སར་བདག་ཉར་བྱ་དགོས་ལ། སྤྱིར་འབྲས་ཕྱེ་དུས་ཚོད12ཀྱི་ཡན་ལ་འཇོག་མི་རུང་།

ཟས་དུག་ཕོག་པའི་ནད་རྟགས།

ཟས་དུག་ཕོག་པ་ཡང་ན། ཞེན་པ་ལོག་པ་དང་སྐྱུག་པ། གསུས་སྟོད་མི་བདེ་བ། མགོ་ཡོམ་འཁོར་བ། ཤེད་ཤུགས་མེད་པ་བཅས་ཀྱི་ནད་རྟགས་འབྱུང་བ་དང་། ལྕི་ན་ཁྲག་བཤལ་བ། མཆིན་པ་སྐྲངས་པ། དབང་ཤེས་འཐིབས་པ། འཁུམ་འདར་རྒྱག་པ། ཐ་ན་འཆི་བའང་ཡོད་པས་ན་འབུ་སྲིན་འདིའི་རིགས་ཀྱི་ཟས་དུག་ཕོག་པར་སྣང་མེད་དུ་བསྐྱུར་མི་རུང་།

འབྲས་ཕྱེའི་རིགས་འདེམ་ཉོ་བྱེད་དུས་ཀྱི་མཉམ་འཇོག་བྱེད་ཡུལ། ཟས་རིགས་ཀྱི་འཇོག་ཡུན་དང་ཐོན་རྫས་བྱེད་པའི་དུས་ཚོད། ཕྱིའི་རྣམ་པ། རུལ་མིན། ཁ་དོག་སོགས་རྒྱུན་ལྡན་ཡིན་མིན་ལ་ཞིབ་ལྟ་བྱེད་དགོས་པར་མ་ཟད། ཟས་རིགས་གསར་བ་གསར་རྐྱང་བཟའ་བ་དང་ཟས་ལྷག་རྣམས་བདག་ཉར་ཚགས་དམ་བྱེད་དགོས། གལ་ཏེ་ཟས་རིགས་དེ་དག་ཟ་དུས་རུལ་བ་ཤེས་ན་ངེས་པར་ཟོས་པ་ཐམས་ཅད་སྐྱུག་དགོས།

ངེས་པ་དོན་གྱིས་ཟས་དུག་ཕོག་ན་ཅི་བྱ་ཞེ་ན།

གལ་སྲིད་བཟའ་ཆས་དེ་རིགས་ཟོས་ནས་ཟས་དུག་ཕོག་ན་ཐོག་མར་ཟ་མཚམས་འཇོག་པ་དང་ཟོས་པ་ཐམས་ཅད་སྐྱུག་སྟེ་སྨན་ཁང་ལ་འགྲོ་དགོས།

འབྲས་ཕྱེ་དང་ཞོག་ཁོག་གི་ཕྱེ་སོགས་ཚང་མའི་རྒྱུན་ཟས་དེ་རིགས་གློ་བུར་གཏམ་གླེང་ཚ་རླབས་སུ་གྱུར་བ་ནི་ཀུན་གྱིས་སེམས་ཁྲལ་དེ་འདྲ་མི་དགོས་པར་དུས་རྒྱུན་གྱི་ཟས་རིགས་འདེམ་གསེས་དང་སྔོན་འགོག་རྒྱུན་ཤེས་ཡོད་པར་གནད་ཀྱི་དམ་པའོ། །

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ལྟ་སྐུལ། ཝང་ཧྥེ།
རྩོམ་སྒྲིག་པ། སྒྲོལ་མ།