བོད་ཀྱི་བུད་མེད་གཉིས་ལ་དུས་རབས་ཀྱི་དཔེ་བཟང་མཚན་སྙན་གནང་འདུག
སྤེལ་བའི་དུས་ཚོད། : 2018-10-20 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

༼ཀྲུང་དབྱང་དྲིལ་བསྒྲགས་པུས་སྒྲོལ་དཀར་དང་གཡང་འཛོམས་གཉིས་ལ་དུས་རབས་ཀྱི་དཔེ་བཟང་ཞེས་པའི་མཚན་སྙན་གནང་བ།༽

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་སྒྲོལ་དཀར་དང་གཡང་འཛོམས་སྤུན་རྒན་གཞོན་གཉིས་ལ་འཕྲིན་ལན་བསྐུར་བའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་ཆེད། འཕྲིན་ལན་བསྐུར་གནང་ནས་ལོ་ངོ་གཅིག་འཁོར་བའི་སྐབས་འདིར། ཀྲུང་དབྱང་དྲིལ་བསྒྲགས་པུས་སྤྱི་ཚེས་བཅུ་དགུ་ཉིན་སྤྱི་ཚོགས་ཡོངས་ལ་སྒྲོལ་དཀར་དང་གཡང་འཛོམས་སྤུན་གཉིས་ཀྱི་སྔོན་ཐོན་བྱས་རྗེས་ཁྱབ་བསྒྲགས་བྱས་པ་མ་ཟད། ཁོང་གཉིས་ལ་དུས་རབས་ཀྱི་མིག་དཔེ་ཞེས་པའི་མཚན་སྙན་གནང་ཡོད་པ་རེད།

སྒྲོལ་དཀར་དང་གཡང་འཛོམས་སྤུན་རྒན་གཞོན་གཉིས་ནི་ལྷུན་རྩེ་རྫོང་ཡུལ་སྨད་ཤང་དུ་འཚོ་སྡོད་བྱེད་ཀྱི་ཡོད་པ་དང་། མེས་རྒྱལ་ལྷོ་ནུབ་མཐའ་མཚམས་སུ་གནས་ཡོད། དུས་རབས་གོང་མའི་ལོ་རབས་དྲུག་ཅུ་ནས་བཟུང་དུས་ཚོད་རིང་པོ་ཞིག་ནང་ཡུལ་དེར་ཁོང་གཉིས་དང་། ཕ་སངས་རྒྱས་མཆོག་པ་ལས་མེད་པས། མི་གསུམ་གྱི་ཤང་ཞེས་གྲགས། ཕ་སངས་རྒྱས་མཆོག་པའི་ཤུགས་རྐྱེན་དང་སྣེ་ཁྲིད་འོག ཁོང་གཉིས་ནས་ཐོག་མཐའ་བར་གསུམ་དུ་ཁྱིམ་ནི་ཡུལ་སྨད་དང་། རྒྱལ་ཁབ་ནི་ཀྲུང་གོ ཕྱུགས་འཚོ་མཐའ་སྲུང་ནི་འོས་འགན་བཅས་ཡིན་པའི་འདུ་ཤེས་བརྟན་པོ་རྒྱུན་འཁྱོངས་བྱས་ཏེ། ལོ་བཅུ་གྲངས་ཉིན་གཅིག་ལྟར་མེས་རྒྱལ་གྱི་མངའ་ཁོངས་སྲུང་ནས། རྒྱལ་གཅེས་མཐའ་སྲུང་གི་མི་སེམས་འགུལ་བའི་གཏམ་རྒྱུད་དང་དུས་རབས་ཀྱི་བསྟོད་གླུ་བླངས་ཡོད་པ་རེད།

སྤྱི་ལོ༢༠༡༧ལོའི་ཟླ་བ་བཅུ་པའི་ཚེས་༢༨ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲོལ་དཀར་དང་གཡང་འཛོམས་གཉིས་ལ་འཕྲིན་ལན་བསྐུར་གནང་ནས། ཕ་དང་བུ་མོ་མི་རབས་གཉིས་ཀྱིས་རྒྱལ་ཁབ་ཀྱི་ཆེད་མཐའ་མཚམས་སྲུང་བའི་བྱ་སྤྱོད་ལ་གདེང་འཇོག་མཐོ་པོ་གནང་བ་དང་། དུས་ཡུན་རིང་པོའི་ནང་མཐའ་མཚམས་བརྟན་སྲུང་བྱེད་ཆེད་ལྷག་བསམ་རྣམ་དག་ངང་ལེགས་སྐྱེས་འབུལ་མཁན་བློ་མཐུན་ལ་ཐུགས་རྗེ་ཆེ་ཞུས་པ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ནས་གངས་ལྗོངས་ཀྱི་མཐའ་མཚམས་སུ་གཞི་རྐང་ཚུགས་པ་བྱས་ནས། བླ་ན་མེད་པའི་རྒྱལ་ཁོངས་སྲུང་སྐྱོབ་པ་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་པར་འགྱུར་བ་བྱ་རྒྱུའི་བཀའ་སློབ་ཡང་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།