▶སྐྲན་འགོག་སྨན་རྫས་རིཊ17སྨན་བཅོས་འགན་སྲུང་གི་དཀར་ཆག་ཏུ་ཚུད།
སྤེལ་བའི་དུས་ཚོད། : 2018-10-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

༼རྒྱལ་ཁབ་ཀྱི་སྨན་བཅོས་འགན་སྲུང་ཅུའུ་ཡིས་སྐྲན་འགོག་སྨན་རྫས་རིགས་བཅུ་བདུན་སྨན་བཅོས་འགན་སྲུང་གི་རྩིས་ཞུའི་དཀར་ཆག་ནང་དུ་འཇུག་པར་ཁྱབ་བསྒྲགས་བྱས།༽

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཚེས་10ཉིན་རྒྱལ་ཁབ་ཀྱི་སྨན་བཅོས་འགན་སྲུང་ཅུའུ་ཡིས་བརྡ་ཐོ་བཏང་སྟེ། སྐྲན་འགོག་སྨན་རྫས་རིགས་བཅུ་བདུན་སྨན་བཅོས་འགན་སྲུང་གི་རྩིས་ཞུའི་དཀར་ཆག་ནང་དུ་འཇུག་པ་དང་། ཕྲ་ཕུང་ཆུང་བ་མིན་པའི་གློ་སྐྲན་དང་། མཁལ་མའི་འབྲས་སྐྲན། གཞང་དཀར་ནག་མདུད་པའི་འབྲས་སྐྲན། མདོག་རྒྱུ་ནག་པོའི་སྐྲན་དང་རྨེན་གཤེར་འབྲས་སྐྲན་སོགས་སྐྲན་རིགས་མང་པོ་དང་འབྲེལ་བ་ཡོད་པ་དང་། གྲོས་མོལ་བྱེད་རྗེས་ནང་འདྲེན་གྱི་སྨན་རྫས་མང་ཆེ་བའི་རིན་གོང་ནི་མཐའ་འཁོར་གྱི་རྒྱལ་ཁབ་བམ་ས་ཁུལ་གྱི་ཚོང་རའི་རིན་གོང་ལས་དམའ་བ་རེད།

ད་ཐེངས་ཀྱི་སྨན་རྫས་དཀར་ཆག་ཏུ་འཇུག་པའི་སྨན་རིགས་བཅུ་བདུན་གྱི་ནང་དུ་དངོས་གཟུགས་སྐྲན་ནད་སྨན་རིགས་བཅུ་གཉིས་དང་ཁྲག་གི་སྐྲན་ནད་སྨན་རིགས་ལྔ་ཡོད་པ་རེད། ཚང་མ་ནད་ཐོག་སྨན་བཅོས་ལ་ངེས་པར་དགོས་པ་དང་སྨན་བཅོས་ཀྱི་ནུས་པ་ལེགས་པ་དང་འགན་བཅོལ་ནང་ཞུགས་མཁན་མི་སྣར་དགོས་མཁོ་ཆེ་བའི་སྐྲན་ནད་བཅོས་སྨན་དག་དག་རེད། གྲོས་མོལ་གྱི་སྨན་རིགས་བཅུ་བདུན་འདི་དག་གི་རིན་གོང་དང་ཆ་སྙོམས་ཀྱི་སིལ་ཚོང་རིན་གོང་དང་བསྡུར་ན། ཆ་སྙོམས་ཐོག 56.7%ཆགས་ཡོད་པ་རེད།

ནང་འདྲེན་གྱི་སྨན་རྫས་མང་ཆེ་བ་ཡི་གྲོས་མོལ་རྗེས་ཀྱི་རིན་གོང་ནི་མཐའ་འཁོར་གྱི་རྒྱལ་ཁབ་བམ་ས་ཁུལ་གྱི་ཚོང་རའི་རིན་གོང་ལས་དམའ་བ་རེད། ཆ་སྙོམས་ཐོག 36%དམའ་བ་རེད། དཔེར་ན། གཞང་དཀར་ནག་མདུད་པའི་འབྲས་སྐྲན་བཅོས་བྱེད་ཀྱི་སྨན་རྫས་ཤིས་ཐོ་ཤས་ཏན་འགོག་པའི་ཁབ་སྨན་ལ་མཚོན་ན། ༢༠༡༧ལོ་སྨན་རྫས་འདིའི་ཆ་སྙོམས་ཀྱི་རིན་གོང་ནི་སྒོར4200ཡིན་པ་དང་། ད་ཐེངས་གྲོས་མོལ་རྗེས་སུ་རིན་གོང་ནི་སྒོར་1295རེད།

གྲོས་མོལ་གྱི་སྐྲན་འགོག་སྨན་རྫས་རིགས་བཅུ་བདུན་ལས་རིགས་བཅུ་ནི་སྤྱི་ལོ་2017ལོར་ཚོང་ར་ལ་གསར་དུ་འགྲེམས་པའི་སྨན་རིགས་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བཀྲ་ཤིས་རྣམ་རྒྱལ།