▶འཇོ་མདའ་དང་དཔལ་ཡུལ་བར་རི་ཉིལ་ནས་འབྲི་ཆུ་འགག་པ།
སྤེལ་བའི་དུས་ཚོད། : 2018-10-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

དེ་རིང་སྟེ་སྤྱི་ཟླ་10པའི་ཚེས་11ཉིན་གྱི་སྔ་དྲོའི་ཆུ་ཚོད་བདུན་ལྷག་ཙམ་ལ་སི་ཁྲོན་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་དང་བོད་རང་སྐྱོང་ལྗོངས་འཇོ་མདའ་རྫོང་སྤོ་ལོ་ཡུལ་ཚོའི་ས་མཚམས་སུ་རི་ཉིལ་ནས་འབྲི་ཆུའི་བཞུར་རྒྱུན་འགག་པ་མ་ཟད་ཆུ་འཁྱིལ་ཡོད་པ་རེད། རི་ཉིལ་བའི་རྒྱ་ཁྱོན་དང་ཉེན་ཁ་འཕྲད་པའི་མི་གྲངས་སྡོམ་རྩིས་བྱེད་བཞིན་ཡོད་ལ། མིག་སྔར་མི་ཤི་རྨས་བྱུང་མེད།

དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་དེ་མ་ཐག་བཀོད་སྒྲིག་གང་ལེགས་བྱས་ཏེ་དཔལ་ཡུལ་རྫོང་དུ་ལས་ཀ་སྒྲུབ་བཞིན་པའི་ཁུལ་ཨུའི་རྒྱུན་ཨུ་དང་ཞིང་བཟོ་ཨུའི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་གྱིས་ཡུལ་དངོས་སུ་བཀོད་འདོམས་བྱེད་བཞིན་ཡོད། གཞན་ཡང་དཔལ་ཡུལ་རྫོང་དང་འབའ་ཐང་རྫོང་། སྡེ་རོང་རྫོང་སོགས་ཉེན་ཁ་འཕྲད་སྲིད་པའི་ས་ཁུལ་གྱི་མང་ཚོགས་རྣམས་གོ་རིམ་ལྡན་པའི་ངང་ཕྱིར་འཐེན་བྱེད་བཞིན་ཡོད་ལ། དཀར་མཛེས་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གིས་ཡུལ་དངོས་སུ་མཛུབ་སྟོན་གང་ལེགས་བྱེད་བཞིན་ཡོད།





ཡོང་ཁུངས། གངས་ལྗོངས་ཉི་གཞོན།
གཙོ་སྒྲིག་པ། དཀོན་མཆོག་རྡོ་རྗེ།
ཞུ་ཆེན་པ། དབང་ཆེན།