འཁྲབ་སྟོན་པ་ཧྥན་པིང་པིང་གི་དཔྱ་ཁྲལ་གནད་དོན་ཞིབ་བཤེར་ཐག་གཅོད་བྱས།
སྤེལ་བའི་དུས་ཚོད། : 2018-10-03 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

༼ཁྲལ་དོན་སྡེ་ཁག་ནས་ཁྲིམས་ལྟར་ཧྥན་པིང་པིང་གིས་༼ངོས་ལྐོག་གན་རྒྱ༽སོགས་ཁྲལ་སྐུང་ཁྲལ་གཡོལ་གནད་དོན་ཞིབ་བཤེར་ཐག་གཅོད་བྱས་པ།༽

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། གསར་འགོད་པར་རྒྱལ་ཁབ་ཁྲལ་དོན་ཅུད་དང་དེ་བཞིན་ཅང་སུའུ་ཞིང་ཆེན་ཁྲལ་དོན་ཅུད་ནས་ཤེས་རྟོགས་བྱུང་བར། ད་ལོའི་སྤྱི་ཟླ་༦པའི་ཚེས་ཤར་ལ། མང་ཚོགས་ཀྱིས་ཧྥན་པིང་པིང་གི་༼ངོས་ལྐོག་གན་རྒྱའི་༽དཔྱ་ཁྲལ་གནད་དོན་ཐེར་འདོན་གོང་ཞུ་བྱས་རྗེས། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ལས་ཁུངས་ནས་ཚད་མཐོའི་མཐོང་ཆེན་བྱས་པ་དང་། ཅང་སུའུ་སོགས་ས་གནས་ཁྲལ་དོན་ལས་ཁུངས་ནས་ཁྲིམས་ལྟར་བརྟག་དཔྱད་དཔྱད་ཞིབ་བྱེད་དགོས་པའི་འགན་དཀྲིས་ཡོད་པ་རེད། མིག་སྔར་གྱོད་གཞིའི་དོན་དངོས་གནས་ཚུལ་ཞིབ་བཤེར་གསལ་པོ་བྱུང་ཡོད་པ་རེད།

བརྟག་དཔྱད་དཔྱད་ཞིབ་བྱས་པའི་གནས་ཚུལ་དངོས་ནས་བལྟས་ན། ཧྥན་པིང་པིང་ལ་གློག་བརྙན་༼འབར་མདེལ་ཆེན་པོ་གཡུག་པ་༽ཞེས་པའི་གློག་བརྙན་འཁྲབ་ཁྲིད་ཚོགས་ཆུང་གིས་པར་ལེན་བརྒྱུད་རིམ་ནང་དོན་དངོས་ཐོག་བརྙན་ཡོན་སྒོར་བྱེ་བ་གསུམ་རག་ཡོད་པ་དང་། དེའི་ནང་སྒོར་བྱེ་བ་གཅིག་སྙན་སེང་ཞུས་ནས་དཔྱ་ཁྲལ་འཇལ་འབུལ་བྱས་ཡོད་པ་དང་། དེ་འཕྲོས་སྒོར་བྱེ་བ་གཉིས་གན་རྒྱ་ཁ་ཕྲལ་བའི་རྣམ་པའི་ཐོག་ནས་མི་སྒེར་གྱི་ཐོབ་ཁྲལ་སྒོར་ས་ཡ་དྲུག་དང་ཆིག་འབུམ་བརྒྱད་ཁྲི་ཁྲལ་སྐུང་ཁྲལ་གཡོལ་བྱས་པ་དང་། ལས་གཉེར་དཔྱ་ཁྲལ་དང་ཟུར་སྣོན་སྒོར་ས་ཡ་གཅིག་དང་ཆིག་འབུམ་ཆིག་ཁྲི་ཉུང་འབུལ་བྱས་ནས། ཁྱོན་བསྡོམས་སྒོར་ས་ཡ་བདུན་དང་སུམ་འབུམ་ཟིན་ཡོད་པ་རེད། དེ་མིན། ད་དུང་ཧྥན་པིང་པིང་དང་དེའི་ཁྲིམས་བཀོད་འཐུས་ཚབ་མི་སྣའི་ཁེ་ལས་ཀྱིས་ཁྲལ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བཞི་དང་ས་ཡ་བརྒྱད་ཉུང་འབུལ་བྱས་པ་དང་། དེའི་ནང་ནས་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གསུམ་དང་ས་ཡ་བཞི་ཁྲལ་སྐུང་ཁྲལ་གཡོལ་བྱས་པའི་གནས་ཚུལ་ཞིབ་བཤེར་ཐུབ་ཡོད་པ་རེད།

གོང་གསལ་ཁྲིམས་འགལ་བྱ་སྤྱོད་ལ། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུད་ཀྱིས་བདག་ཁོངས་དམིགས་འཛུགས་བྱས་པར་གཞིགས་ནས། ཅང་སུའུ་ཞིང་ཆེན་ཁྲལ་དོན་ཅུད་ཀྱིས་༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲལ་བསྡུའི་དོ་དམ་བཅའ་ཁྲིམས་༽ཀྱི་དོན་ཚན་སོ་གཉིས་པ་དང་། དོན་ཚན་ང་གཉིས་པའི་གཏན་འབེབས་ལ་གཞིགས་ནས། ཧྥན་པིང་པིང་དང་དེའི་ཁྲིམས་བཀོད་འཐུས་ཚབ་མི་སྣའི་ཁེ་ལས་ནས་ཁྲལ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་ལྔ་དང་ས་ཡ་ལྔ་བདའ་འདེད་གཏོང་རྒྱུ་དང་། དུས་འགྱངས་དངུལ་ཆད་སྒོར་བྱེ་བ་གསུམ་དང་ས་ཡ་གསུམ་སྣོན་བསྡུ་བྱས་པ། ༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲལ་བསྡུ་དོ་དམ་བཅའ་ཁྲིམས་༽ཀྱི་དོན་ཚན་རེ་གསུམ་པའི་གཏན་འབེབས་ལ་གཞིགས་ནས། ཧྥན་པིང་པིང་གིས་གན་རྒྱ་ཁ་ཕྲལ་གྱི་བྱ་ཐབས་ཀྱིས་དོན་དངོས་ཡོང་འབབ་སྦས་སྐུང་བྱས་ནས་ཁྲལ་སྐུང་ཁྲལ་གཡོལ་བྱས་པར་དངུལ་ཆད་ལྡབ་བཞིའི་ཐོག་ནས་ཁྱོན་བསྡོམས་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བཞིའི་ཆད་དངུལ་བཅད་པ་དང་། ལས་དོན་ཁང་གི་རྩིས་ཚན་ནས་མི་སྒེར་གྱི་ཐོབ་ཆའི་དངོས་བདེན་རང་བཞིན་སྦས་སྐུང་བྱས་ནས་ཁྲལ་སྐུང་ཁྲལ་གཡོལ་བྱས་པར་ཆད་དངུལ་ལྡབ་གསུམ་གྱི་ཐོག་ནས་ཁྱོན་བསྡོམས་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གསུམ་དང་ས་ཡ་དགུའི་ཆད་དངུལ་བཅད་པ། དེའི་ཁྲིམས་བཀོད་འཐུས་ཚབ་མི་སྣའི་ཁེ་ལས་ནས་ཡོང་འབབ་ཉུང་རྩིས་བྱས་ནས་ཁྲལ་སྐུང་ཁྲལ་གཡོལ་བྱས་པར་ཆད་དངུལ་ལྡབ་གཅིག་གི་ཐོག་ནས་ཁྱོན་བསྡོམས་སྒོར་དགུ་འབུམ་བཞི་ཁྲི་དྲུག་སྟོང་གི་ཆད་དངུལ་བཅད་པ། ༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲལ་བསྡུ་དོ་དམ་བཅའ་ཁྲིམས་༽ཀྱི་དོན་ཚན་རེ་དགུ་པ་དང་༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲལ་བསྡུ་དོ་དམ་བྱ་ཐབས་ཀྱི་ལག་བསྟར་སྲོལ་ཞིབ་༽ཀྱི་དོན་ཚན་གོ་གསུམ་པའི་གཏན་འབེབས་ལ་གཞིགས་ནས། དེའི་ཁྲིམས་བཀོད་འཐུས་ཚབ་མི་སྣའི་ཁེ་ལས་གཉིས་ནས་མི་སྒེར་གྱི་ཐོབ་ཁྲལ་ཚབ་བསྡུ་ཚབ་སྤྲོད་མ་བྱས་པ་དང་ཁྲིམས་འགལ་ངང་སྟབས་བདེ་བསྐྲུན་ནས་ཁྲལ་དངུལ་ཉུང་འབུལ་བྱེད་རོགས་བྱས་པར་ཁག་སོ་སོར་ཆད་དངུལ་ལྡབ་ཕྱེད་ཀའི་ཐོག་ནས་ཁྱོན་བསྡོམས་ཁག་སོ་སོར་སྒོར་བྱེ་བ་ལྔ་དང་ས་ཡ་གཅིག་དང་། སྒོར་བྱེ་བ་དྲུག་དང་ས་ཡ་ལྔའི་དངུལ་ཆད་བཅད་ཡོད་པ་རེད།

༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་བཅའ་ཁྲིམས་༽ཀྱི་གཏན་འབེབས་༢༠༡ལ་གཞིགས་ན། ཧྥན་པིང་པིང་ནི་ཁྲལ་དོན་ལས་ཁུངས་ཀྱིས་ཁྲལ་གཡོལ་གྱི་ཉེས་མིང་ཐོག་ནས་སྲིད་འཛིན་གྱི་ཆད་པ་གཅོད་ཐེངས་དང་པོ་དེ་ཡིན་པ་དང་། དེའི་གོང་ཁྲལ་གཡོལ་གྱི་ཉེས་དོན་ཁྲིམས་ཆད་ཕོག་མྱོང་མེད་པའི་དབང་གིས་གོང་གསལ་ཁྲལ་གཡོལ་གྱི་ཁྲལ་དངུལ་དང་། དུས་འགྱངས་ཆད་དངུལ། ཆད་དངུལ་བཅས་ཁྲལ་དོན་ལས་ཁུངས་ཀྱིས་ཁྲལ་དངུལ་བདའ་འདེད་བརྡ་ཐོ་བཏང་རྗེས་ཀྱི་གཏན་འཁེལ་དུས་བཀག་ནང་བསྐྱལ་ཚེ། ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་རྒྱུ་མིན་པ་རེད། གཏན་འཁེལ་བྱས་པའི་དུས་བཀག་ནང་ཁྲལ་དངུལ་དང་དུས་འགྱངས་ཆད་དངུལ་མ་བསྐྱལ་བ་དང་། སྲིད་འཛིན་ཆད་པ་དང་ལེན་མ་བྱས་ཚེ། ཁྲལ་དོན་ལས་ཁུངས་ཀྱིས་ཁྲིམས་ལྟར་སྤྱི་བདེ་ལས་ཁུངས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲོད་བྱ་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།