བོད་ལྗོངས་སུ་ཡང་བསྐྱར་རུལ་སུངས་གནད་དོན་4བརྡ་ཁྱབ་བཏང་འདུག
སྤེལ་བའི་དུས་ཚོད། : 2018-09-30 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྒྲིག་ཁྲིམས་ནན་དུ་གཏོང་བ་དང་། ཉེན་བརྡའི་སློབ་གསོར་ཤུགས་སྣོན། དབུལ་སྐྱོར་ཁྱབ་ཁོངས་ཀྱི་སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ཀྱི་ལྟ་སྐུལ་ལས་དོན་གཏིང་ཟབ་སྤེལ་ཆེད། ཉེ་ཆར་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་གྱི་དཔེ་མཚོན་གྱོད་དཔེ་བཞི་བརྡ་ཁྱབ་བཏང་བ་གཤམ་གསལ་ཏེ།

ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་མི་དམངས་སྲིད་གཞུང་གི་ཏང་ཙུའི་ཁོངས་མི་དང་། རྫོང་དཔོན་གཞོན་པ། ཀོང་ཐང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཤའོ་ཕིང་གིས་དབུལ་སྐྱོར་ལས་དོན་གྱི་འགན་འཁྲི་ཡག་པོ་མི་འཁུར་བ། 2017ལོའི་ཟླ་5པར་ཀོང་ཐང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཤང་གནད་སྨིན་དབུལ་སྐྱོར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གི་འགན་འཁུར་སྐབས། ཧུའུ་ཤའོ་ཕིང་གིས་ཤང་དེ་དབུལ་སྒྲོལ་ཚད་གཞིའི་དམིགས་ཚད་ལ་སླེབས་ཐུབ་པ་དང་རྫོང་ཡོངས་ཀྱི་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལས་དོན་གྱི་དཔྱད་ཞིབ་བདེ་བླག་ངང་ཞིབ་བཤེར་རྩིས་ལེན་ཐུབ་ཆེད། དཔྱད་གཞི་དང“དབུལ་སྒྲོལ་དྲུག”གི་ཐོ་བཀོད་རེའུ་མིག་རྫུན་བཟོའི་བཀོད་སྒྲིག་བྱས་པ་རེད། དེར་བརྟེན། 2018ལོའི་ཟླ་8པར་ཧུའུ་ཤའོ་ཕིང་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་ཕོག

གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ལྕང་ར་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་དངོས་གྲུབ་ཀྱིས(རྫོང་རིམ་པ་གཞོན་པ)དམངས་ཕན་གྱི་མ་དངུལ་སྒེར་སྤྱོད་དང་གཞུང་དངུལ་སྒེར་བཅོལ་བྱས་པ། 2014ལོའི་ཟླ་12ནས་2017ལོའི་ཟླ་8བར་དངོས་གྲུབ་ཀྱིས་ལྕང་ར་ཤང་གི་རྣམ་གྲངས་ཁག་གི་མ་དངུལ་སྒོར་ཁྲི་92.5485སྒེར་སྤྱོད་བྱས་པ་རེད། 2017ལོའི་ཟླ་བ་དང་པོ་ནས་ཟླ་བ་དགུ་པ་བར་དངོས་གྲུབ་ཀྱིས་མི་སྒེར་གྱི་མིང་ཐོག་ནས་བདེ་སྡོད་ལས་གྲྭའི་རྣམ་གྲངས་གྱི་མ་དངུལ་དང་། ཤང་གི་གཞུང་དངུལ། ཏང་འཛུགས་སྐྱོང་གི་གྲོན་དངུལ་སོགས་ཁྱོན་སྒོར་ཁྲི་162.8སྒེར་བཅོལ་བྱས་པ་རེད། དེར་བརྟེན། 2018ལོའི་ཟླ་7པར་དངོས་གྲུབ་ཏང་གི་སྐྱིད་སྡུག་ནས་ཕུད་པ་དང་གོ་གནས་ཕབ་པ་དང་། ཉེས་གསོག་དོགས་ཡོད་གནད་དོན་གྱི་ཁུངས་སྣེ་སྲིད་ཁྲིམས་ལས་ཁུངས་སུ་ཁྲིམས་ལྟར་ཐག་གཅོད་བྱེད་རྒྱུར་རྩིས་སྤྲད།

ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་གཞུང་ལས་ཁང་གི་ལག་རྩལ་པ་ཚེ་དབང་གིས་ཞིང་ལས་གསར་སྤེལ་རྣམ་གྲངས་ཀྱི་མ་དངུལ་གཡོ་ལེན་བྱས་པ། 2015ལོར་ཚེ་དབང་གིས་གྲ་ནང་རྫོང་གྲ་ཐང་གྲོང་རྡལ་རྒྱལ་གླིང་གྲོང་ཚོའི་ས་ཁོད་སྙོམས་པའི་རྣམ་གྲངས་ཀྱི་འཛིན་ཤོག་འབྲི་བ་དང་ལས་ཐོ་འགོད་པའི་སྟབས་བདེ་སྤྱད་ནས་རླངས་འཁོར་གྱི་གྲངས་འབོར་རྫུན་བཟོ་དང་རྫས་ལུད་ཀྱི་རིན་གོང་རྫུན་མ་བཟོས་ཏེ་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་1.15ཁྲིམས་འགལ་ངང་བདག་བཟུང་བྱས་ཡོད། དེར་བརྟེན། 2018ལོའི་ཟླ་6པར་ཚེ་དབང་ལ་སྲིད་དོན་སྐྱོན་འགོད་ཀྱི་ཆད་པ་བཅད།

ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཕད་གྲོང་རྡལ་ཟུར་གསུམ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བསྟན་འཛིན་ཚེ་དབང་གིས་སྒྲིག་འགལ་ངང་དབུལ་སྐྱོར་རྣམ་གྲངས་ཀྱི་མ་དངུལ་ལྐོག་ཟ་བྱས་པ། 2014ལོར་བསྟན་འཛིན་ཚེ་དབང་གིས་མཉམ་སྡེབ་ཀྱི་མིང་ཐོག་ནས་ཟུར་གསུམ་གྲོང་ཚོའི་མཛོ་མོ་གསོ་ཚགས་རྣམ་གྲངས་ལ་སྒོར་ཁྲི་60རེ་ཞུ་བྱས་པ་དང་སྦྲགས། གྲོང་ཚོའི་མཉམ་སྡེབ་ལ་རྐང་བཙུགས་ནས་སྦ་གསང་བྱས་ཏེ། སྒོར་ཁྲི་14.36465བཏོན་ནས་སྒེར་གྱིས་རྣམ་གྲངས་ལག་ལེན་བསྟར་ཞིང་། ཕྱིས་སུ་གྲོང་མིས་ཤེས་ནས་བཀག་འགོག་བྱས། དེ་ནས་ཡང་ཁེར་རྐྱང་ཚོང་དུད་ལའོ་ཆེ་གེ་མོས་རྣམ་གྲངས་རེ་ཞུ་བྱེད་སྐབས་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུ་བར་སྒྲིག་འགལ་ངང་དབུལ་སྐྱོར་མ་དངུལ་ནས་སྒོར་ཁྲི་15སྤྲད། དེས་ན་ལས་མཇུག་འགྲིལ་ལ་ཉེ་བའི་མཚམས་སུ་མ་དངུལ་བར་དུ་སིམས། ད་དུང་རྣམ་གྲངས་དེའི་རྗེས་མཐུད་རྣམ་གྲངས་ལག་ལེན་བསྟར་རིང་། མི་བདེན་རྫུན་སྒྲིག་བྱས་ནས་རྣམ་གྲངས་ཞིབ་བཤེར་རྩིས་ལེན་ཐུབ་པར་བྱས་པ་རེད། དེ་རྗེས་ཡང་བསྟན་འཛིན་ཚེ་དབང་གིས་སྒྲིག་འགལ་ངང་རྣམ་གྲངས་ཀྱི་དངུལ་ལྷག་མ་སྒོར་ཁྲི་20.5776དེ་དུད་ཚང་རེར་སྒོར་ཁྲི་0.5716གི་ཚད་གཞིར་བྱས་ནས་གྲོང་ཚོའི་དུད་ཚང་36གི་གྲོང་མིར་བགོས་པ་རེད། དེར་བརྟེན། 2018ལོའི་ཟླ་བདུན་པར་བསྟན་འཛིན་ཚེ་དབང་ལ་ཏང་ནང་ལྟ་ཞིབ་ལོ་གཅིག་བྱ་རྒྱུའི་ཆད་པ་བཅད་པ་དང་སྒྲིག་འགལ་གྱི་མ་དངུལ་ཚང་མ་གཞུང་བཞེས་བཏང་།

ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།
རྩོམ་སྒྲིག་པ། པད་མ།