བྱིས་པ་དུག་རྫས་འདི་དང་རིང་དུ་གྱེས་ན་བཟང་།
སྤེལ་བའི་དུས་ཚོད། : 2018-07-24 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

༼ཡོ་རོབ་དུ་སློབ་མས་ལག་ཐོགས་ཁ་པར་སྤྱོད་མི་ཆོག་པ་བཟོས་པ།༽

ལག་ཐོགས་ཁ་པར་དང་གློག་རྡུལ་རོལ་རྩེད་ལ་གཡེང་ནས་ཐོན་པའི་གནོད་འཚེ་སྣ་ཚོགས་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་པ།

འཇར་མན་གྱིས་དེ་སྔ་ཁྱབ་བསྒྲགས་བྱས་པའི་ཞིབ་འཇུག་འབྲས་བུ་ལས་གློག་རྡུལ་ཐོན་རྫས་ལ་བརྟེན་ཉུང་ཤོས་ཀྱི་རྒྱལ་ཁབ་ནི་འཇར་མན་དང་། ཧོ་ལན། པེར་ཀྲེམ། ཁ་ན་ཏ། ཨུ་རུ་སུ་སོགས་ཡིན་པ་མངོན་ཡོད། འོན་ཀྱང་གློག་རྡུལ་ཐོན་རྫས་སྤྱོད་མཁན་གྱི་ལོ་གྲངས་ཇེ་ཆུང་དུ་སོང་བ་དང་བསྟུན་ནས་པེར་ཀྲེམ་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་གློག་རྡུལ་ཐོན་རྫས་ལ་གཡེང་པའི་སྣང་ཚུལ་ཐོག་མར་མངོན་ཡོད། པེར་ཀྲེམ་དུ་ཕྲུ་གུ་གློག་རྡུལ་རོལ་རྩེད་ལ་གཡེང་པའི་གནད་དོན་དེ་ཁྱིམ་ཚང་མང་པོ་མགོ་རྙོག་པའི་གནད་དོན་དུ་གྱུར་ནས་ཁོང་ཚོས་གློག་རྡུལ་རོལ་རྩེད་ལ“དུག་རྫས”ཞེས་བརྗོད་པ་དང་རོལ་རྩེད་གསར་སྤེལ་བྱེད་མཁན་ལ“དུག་ཚོང་བ”ཞེས་བརྗོད་ཀྱི་ཡོད།

དབྱིན་ཇིའི་སྨྱན་སྦྱོར་གྱིས་ཕྱོགས་སྡོམ་བྱས་དོན། སློབ་གྲྭ་འབྲིང་ཆུང་གི་སློབ་མས་སློབ་ཚན་འཚོག་སྐབས་ལག་ཐོགས་ཁ་པར་སྤྱད་ན་གཙོ་བོ་གནོད་འཚེ་རིགས་གསུམ་ཐོན་པ་སྟེ། དང་པོ་དྲ་རྒྱའི་རོལ་རྩེད་ལ་གཡེང་ནས་ཕྲུ་གུའི་སེམས་ནུས་འབོར་ཆེན་ཟད་པ་དང་བསྟུན་ནས་བདེ་ཐང་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། དཔེར་ན། མིག་སྔར“མཁར་རྫོང་གི་མཚན་མོ”ཞེས་པའི་དྲ་རྒྱའི་རོལ་རྩེད་དབྱིན་ཇིའི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཁྲོད་དར་ཁྱབ་ཆེན་པོ་བྱུང་ནས་ཕྲུ་གུ་མང་པོ་དེར་གཡེང་སྟེ་ལྟོ་ཆས་ཀྱང་བཟའ་གི་མེད།

གཉིས་པ་སློབ་གྲྭ་མང་པོས་སློབ་ཁང་ནང་ལག་ཐོགས་ཁ་པར་འཁྱེར་ན་བློ་རྩེ་གཅིག་སྒྲིམ་བྱ་རྒྱུར་ཤུགས་རྐྱེན་བཟོ་སྲིད་པའི་སེམས་ཁྲལ་བྱེད་ཀྱི་ཡོད། དཔང་རྟགས་ཤིག་ལས་སློབ་མས་ལག་ཐོགས་ཁ་པར་དཔེ་ཁུག་ནང་བླུགས་ཀྱང་དེའི་སེམས་ནུས་གཅིག་སྒྲིལ་ཐད་ཤུགས་རྐྱེན་ཐེབས་སྲིད་པ་མངོན་ཡོད། ཧ་ཧྥུའུ་ཚོང་ལས་དཔྱད་གཏམ་ཐོག་དེ་གོང་བརྟག་དཔྱད་སྙན་ཞུ་ཞིག་སྤེལ་ནས་ལག་ཐོགས་ཁ་པར་བཀག་པའི་གནས་ཚུལ་འོག་ལག་ཐོགས་ཁ་པར་ལུས་ཐོག་ཏུ་འཁྱེར་བའི་ལས་ཆོད་དེ་ཁ་པར་ཕྱིར་བཞག་པ་ལས་དམའ་བ་ཡོད་པ་མངོན་ཡོད། མི་དར་མ་ཚོར་ཤུགས་རྐྱེན་དེ་ལྟར་ཐེབས་ན་སློབ་མའི་བློ་རྩེ་གཅིག་སྒྲིམ་ཐད་ཤུགས་རྐྱེན་ཐེབས་ཤུགས་དེ་བས་ཆེ་བ་ཡོད།

གསུམ་པ་སློབ་མ་མང་པོ་དྲ་རྒྱའི་འབྲེལ་ཚུགས་སྨྱན་སྦྱོར་ལ་གཡེང་ནས་འཚོ་བ་དངོས་ནང་གི་འབྲེལ་ཚུགས་ལ་སྣང་ཆུང་བྱེད་ཀྱི་ཡོད། ལག་ཐོགས་ཁ་པར་གྱིས་སློབ་གསེང་རིང་ཕྲུ་གུ་ཁ་ཤས་ཚོགས་སྤྱིའི་ནང་ཞུགས་པའི་འདོད་སེམས་འཕེལ་མེད་ཉམས་ཆག་ཏུ་བཏང་ནས་སློབ་མ་ཚོ་ཡང་དག་པའི་འབྲེལ་ཚུགས་བྱེད་སྟངས་དང་གཞི་རྩའི་འབྲེལ་ཚུགས་གུས་ལུགས་ཤེས་མི་ཐུབ། དབྱིན་ཇིའི་འཕྲོད་བསྟེན་བློན་ཆེན་མཱ་ཤེའུ•ཧན་ཁའོ་ཁེ་ཡིས་ཕྲུ་གུ་ཚོས་འབྲེལ་ཚུགས་ཀྱི་སྨྱན་སྦྱོར་ལ་དབྱིངས་ཞུགས་རྒྱུ་མེད་པར་དངོས་ཡོད་ཀྱི་འཚོ་བའི་ནང་འབྲེལ་ཚུགས་ཀྱི་རྩལ་ནུས་ཆེ་རུ་གཏོང་དགོས་ཞེས་བཤད་པ་རེད།

གློག་རྡུལ་ཐོན་རྫས་དང་དྲ་སྦྲེལ་བག་མེད་བེད་སྤྱོད་བྱས་པས་དོན་རྐྱེན་ངན་པ་རབ་དང་རིམ་པ་ཐོན་གྱི་ཡོད། 2016ལོའི་ཟླ་བ་བཅུ་པར་ལོ་16ལ་སླེབས་པའི་ཀེ་རི་སེའི་བུ་མོ་ཞིག་སློབ་གྲྭའི་ནང་བཙན་གཡེམ་བྱས། དེའི་བརྒྱུད་རིམ་སློབ་གྲོགས་ཤིག་གིས་ལག་ཐོགས་ཁ་པར་ལ་བརྟེན་ནས་པར་ལེན་བྱས་ཁར་ཡོངས་བསྒྲགས་བྱས་ནས་ཀེ་རི་སེའི་སྤྱི་ཚོགས་ཡོངས་སྐྱི་གཡའ་བ་ཞིག་བཟོས་ཡོད་ལ། བུ་མོ་དེའི་ལུས་སེམས་གཉིས་ཀར་གནོད་སྐྱོན་ཚབས་ཆེན་བཟོས་ཡོད། ཀེ་རི་སེའི་སློབ་གསོའི་ལས་རིགས་དང་སེམས་ཁམས་རིག་པ་མཁས་ཅན་གྱིས་བྱེད་སྤྱོད་ངན་པ་པར་ལེན་བྱེད་པའི་བྱ་ཐབས་དེས་སློབ་མའི་ཁྲོད་ཟང་ཟིང་བཟོ་བ་དང་རྒྱུ་དངོས་པོ་བསྡུར་རེས་ཀྱི་སྲོལ་ངན་འཇགས་ཏེ་དོན་རྐྱེན་དེ་རིགས་ཇེ་མང་དུ་ཐོན་སྲིད་པའི་ངོས་འཛིན་བྱས་ཡོད།

སློབ་གྲྭར་ལག་ཐོགས་ཁ་པར་སྤྱོད་རྒྱུ་བཀག་འགོག་བྱས་ནས་སློབ་མ་ཚོ་སྐྱོན་བྲལ་ངང་འཚར་ལོངས་འབྱུང་རྒྱུར་ཁྲིད་སྟོན་བྱེད་དགོས།

གློག་རྡུལ་ཐོན་རྫས་ཀྱིས་སློབ་མ་འཚར་ལོངས་ཡོང་རྒྱུར་བར་ཆད་བཟོ་ཉུང་དུ་གཏོང་ཆེད། རྒྱལ་ཁབ་མི་ཉུང་བ་ཞིག་གིས་ལག་ཐོགས་ཁ་པར་བེད་སྤྱོད་བྱ་རྒྱུ་ཚོད་འཛིན་བྱེད་པའི་བྱེད་ཐབས་སྤྱད་ཡོད། དབྱི་ཐ་ལི་ནི་སློབ་མས་སློབ་ཚན་ཉན་སྐབས་ལག་ཐོགས་ཁ་པར་བེད་སྤྱོད་གཏོང་རྒྱུ་གཏན་འགོག་བྱེད་པའི་ཡོ་རོབ་ཀྱི་རྒྱལ་ཁབ་དང་པོ་ཡིན། 2007ལོར་རྒྱལ་ཡོངས་སུ་བཀའ་རྒྱ་ཞིག་བཀྲམ་པ་སྟེ། གལ་སྲིད་སློབ་མ་སུ་ཞིག་གིས་སློབ་གྲྭའི་ནང་དུ་སྒྲིག་འགལ་ངང་ལག་ཐོགས་ཁ་པར་བེད་སྤྱོད་གཏོང་བ་ཤེས་རྗེས་ཁ་ཏ་བསླབ་བྱ་བྱས་ནས་ཕན་མ་ཐོན་པའི་གནས་ཚུལ་འོག་སློབ་གྲྭ་ཕྱོགས་ཀྱིས་གནས་ཚུལ་ཚབས་ཆེ་ཆུང་ལ་བལྟས་ནས་ལག་ཐོགས་ཁ་པར་གཞུང་བཞེས་གཏོང་བའམ་ཡང་ན་མཇུག་རྒྱུགས་ཀྱི་ཐོབ་ཐང་མེད་པར་བཟོ་བ་སོགས་ཀྱི་ཆད་པ་གཅོད་ཆོག་གི་ཡོད།

ཀེ་རི་སེའི་སློབ་གསོ་པུས་ཉེ་ཆར་སློབ་གྲྭ་འབྲིང་ཆུང་གི་སློབ་མས་སློབ་གྲྭའི་ནང་དུ་ཁ་པར་དང་དེ་བཞིན་གློག་རྡུལ་སྒྲིག་ཆས་གཞན་དག་དང་། ལྷག་པར་དུ་སྒྲ་པར་སྒྲིག་བཟོ་བྱེད་ཐུབ་པའི་སྒྲིག་ཆས་སྤྱོད་རྒྱུ་གཏན་འགོག་བྱ་རྒྱུ་དང་ཆབས་ཅིག་དགེ་རྒན་ཚོས་བེད་སྤྱོད་བྱ་རྒྱུའི་སྟེགས་འཇོག་གློག་ཀླད་དང་། ལག་ཐོགས་གློག་ཀླད། ངོས་སྙོམས་གློག་ཀླད་བཅས་ཀྱང་སློབ་གྲྭས་མཁོ་འདོན་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་དང་། “དགེ་རྒན་ཚོས་སློབ་ཁྲིད་དམིགས་ཡུལ་དུ་བྱས་པའི་སྒུལ་བདེའི་ཁ་པར་ལས་གཞན་གཅིག་ཀྱང་འཁྱེར་མི་ཆོག་པའམ་བེད་སྤྱོད་གཏོང་མི་ཆོག་པ་མ་ཟད། ད་དུང་མི་སྒེར་གྱི་གསང་དོན་སྐོར་གྱི་འབྲེལ་ཡོད་ཁྲིམས་སྲོལ་ལ་དུས་དང་རྣམ་པ་ཀུན་ཏུ་བརྩི་སྲུང་ཞུ་དགོས”ཞེས་ཀེ་རི་སེའི་སློབ་གསོ་པུའུ་ཀྲང་ཁོ་སི་ཐཱ་སི•ཅཱ་ཧྥུའུ་ལུའོ་ཀེས་བརྗོད་པ་རེད།

དབྱིན་ཇིའི་སློབ་གསོ་ཚད་གཞི་ཅུས་ཀྱི་དེ་སྔའི་དབུ་བཞུགས་ལག་བསྟར་དཔོན་མའེ་ཁེར•ཝེར་ཞའོ་ཡིས། དབྱིན་ཇིའི“ལག་ཐོགས་ཁ་པར་བཀག་འགོག་བཀའ་རྒྱ”དེ་སློབ་གྲྭ་འབྲིང་ཆུང་མང་ཆེ་བར་ཁྱབ་སྤེལ་བཏང་ཡོད་པ་དང་། དབྱིན་ཇིའི་སློབ་གསོ་པུའི་གྲངས་གཞི་ལྟར་ན། མིག་སྔར་དབྱིན་ཀེ་ལན་ས་ཁུལ་གྱི་སློབ་གྲྭ་95%ཡིས་གཏན་འགོག་བཀའ་རྒྱ་དེ་འདྲ་བ་ལག་བསྟར་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

པེར་ཀྲེམ་ནཱ་མུར་གྲོང་ཁྱེར་གྱི་ཕུའུ་ལུའོ་ཝེ་ཏེང་སི་སློབ་འབྲིང་གི་འགན་འཁུར་བས་འདི་ག་ཚགས་པར་གྱི་གསར་འགོད་པར། རྩ་དོན་ལྟར་ན། སློབ་མས་ལག་ཐོགས་ཁ་པར་འཁྱེར་ནས་སློབ་གྲྭར་ཡོང་མི་ཆོག་མོད། ཡིན་ན་ཡང་སློབ་མ་སློབ་གྲྭར་ཡོད་སྐབས་གློ་བུར་དུ་ནད་གཞི་ཕོག་ནས་ཕ་མར་ཁ་པར་གཏོང་དགོས་པ་སོགས་ཀྱི་དམིགས་བསལ་གནས་ཚུལ་མང་པོ་ཡོད་པས། སློབ་མ་ཚོས་སློབ་ཚན་ཉན་སྐབས་དང་རྒྱུགས་སྤྲོད་སྐབས་ཁ་པར་གྱི་ཁ་བརྒྱབ་ཚེ་སློབ་གྲྭས་ཇུས་གཏོགས་མང་པོ་བྱེད་ཀྱི་མེད་ཅེས་བརྗོད་པ་རེད།

པེར་ཀྲེམ་གྱི་ཧྥ་རན་སེའི་སྐད་རིགས་ཁུལ་གྱི་འོས་འགན་སློབ་གསོ་སྤྱི་ཁྱབ་སིའི་མཐུན་སྦྱོར་ཅུས་ཀྱི་འགན་འཁུར་བས་གསར་འགོད་པར། པེར་ཀྲེམ་གྱི་ཧྥ་རན་སེའི་སྐད་རིགས་ཁུལ་དུ། སྲིད་གཞུང་གི་ལངས་ཕྱོགས་ནི་སློབ་གསོ་དང་སྔོན་འགོག་སློབ་གསོ་ཟུང་འབྲེལ་བྱ་རྒྱུ་དར་སྤེལ་གཏོང་བའི་ཐོག་སློབ་མ་ཚོར་སོ་སོའི“གྲངས་གཞིའི་ཐོབ་ཐང”ངོས་འཛིན་ཡང་དག་བྱེད་དུ་འཇུག་རྒྱུ་མ་ཟད་ད་དུང་འབྲེལ་ཡོད་བཅའ་ཁྲིམས་དང་འཁུར་དགོས་པའི་འགན་འཁྲི་དང་འོས་འགན་བཅས་ཁོང་དུ་ཆུད་པར་བྱས་ནས། མི་མངོན་པའི་བྱ་སྤྱོད་སྐྱོན་ཅན་ཐོན་རྒྱུ་སྔོན་འགོག་བྱ་རྒྱུ་དང་། དེ་དང་ཆབས་ཅིག་སློབ་མས་གློག་རྡུལ་ཐོན་རྫས་བེད་སྤྱོད་གཏོང་སྟངས་ཚད་ལྡན་དུ་གཏོང་བའི་གོ་སྐབས་སྤྱད་དེ། ཁོང་ཚོར་སྨྱན་སྦྱོར་བཀོལ་སྤྱོད་ཡང་དག་བྱེད་ཚུལ་སློབ་སྦྱོང་དང་འགན་འཁྲི་འཁུར་བའི་སྒོ་ནས་ཡོ་བྱད་འདི་བཀོལ་སྤྱོད་གཏོང་རྒྱུའི་མཛུབ་ཁྲིད་ཀྱང་བྱ་རྒྱུ་དེ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

ཡོང་ཁུངས། མི་དམངས་དྲ་བ།
རྩོམ་སྒྲིག་པ། རྟ་མགྲིན།