ཆོས་དབྱིངས་སྐྱིད་ཀྱིས་རྒྱལ་སྤྱིའི་འགྲན་སྡུར་ཁྲོད་ཨང་དང་པོ་བླངས།
སྤེལ་བའི་དུས་ཚོད། : 2018-06-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  རྒྱལ་སྤྱིའི་མཆོང་རྒྱུག་འགྲན་སྡུར་གྱི་སི་ཕེན་ལ་ཁི་ལུའུ་ཉིས་ཡཱ་ས་ཚིགས་ཀྱི་འགྲན་སྡུར་དེ་སྤྱི་ཟླ་༦པའི་ཚེས་༢ཉིན་སྤེལ་ཡོད་ཅིང་། ཕ་ཡུལ་མཚོ་སྔོན་ནས་ཡིན་པའི་བོད་ཀྱི་ལུས་རྩལ་བ་ཆོས་དབྱིངས་སྐྱིད་ཀྱིས་སྤྱི་ལེ༢༠ཡི་འགྲན་སྡུར་ཁྲོད། མི་སྒེར་གྱི་སྐར་འབྲས་ བཟང་ཤོས་ཏེ། ཆུ་ཚོད༡དང་སྐར༢༦སྐར་ཆ༢༨ཀྱི་ཐོག་ནས་ཨང་དང་པོ་བླངས་འདུག

  

  ཉམས་མྱོང་ཕུན་སུམ་ཚོགས་ཤིང་ཆོད་སེམས་རབ་ཏུ་བརྟན་པའི་ཆོས་དབྱིངས་སྐྱིད་ཀྱིས་འགྲན་སྡུར་མགོ་བརྩམས་མ་ཐག་ནས་རང་ཉིད་ཀྱི་ཁྱད་ཆོས་དང་བསྟུན་ནས། འགྲན་ཡ་གཞན་གྱི་རྙོག་ཟིང་ལས་ཐར་ཐབས་བྱས་ཤིང་གཅིག་པུས་སྔུན་བཅད་པ་དང་། ཐོག་མའི་སྤྱི་ལེ་༥་སྐར༢༡དང་སྐར་ཆ༣༦གིས་བརྒྱུགས་པ་ན། ཨང་གཉིས་པ་ལས་སྐར་ཆ༤༦གིས་སྔོན་དུ་བུད་ཡོད་པ་རེད། རྒྱལ་སྤྱིའི་མཆོང་རྒྱུག་གི་གཞུང་དྲ་ཡིས་ཆོས་དབྱིངས་སྐྱིད་ནི་སུར་ཙེ་ཡི་དུས་ཚོད་བཞིན་འཕྱུག་འདའ་མེད་པ་ཞིག་རེད་ཅེས་བསྟོད་བསྔགས་བྱས་འདུག

    མོས་བླངས་པའི་ཐེངས་འདིའི་འགྲན་སྡུར་སྐར་འབྲས་ནི་ད་ལོའི་མི་སྒེར་གྱི་སྐར་འབྲས་མཐོ་ཤོས་དེ་ཡིན་ཞིང་། འདི་ཡང་ཀྲུང་གོའི་བུད་མེད་ཀྱིས་སྲོལ་རྒྱུན་གྱི་འགྲན་སྡུར་འདིའི་སྟེང་ནས་བླངས་པའི་ཨང་དང་པོ་ཐེངས་ལྔ་བ་རེད། ༢༠༡༥ལོར་ཆོས་དབྱིངས་སྐྱིད་ཀྱིས་འགྲན་སྡུར་འདིའི་ཨང་གཉིས་པ་བླངས།

  

འགྲན་སྡུར་མཇུག་སྒྲིལ་རྗེས་མོས་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་ཤིང་། བདག་གིས་རང་ཉིད་ལ་དམིགས་འབེན་བཞག་ཡོད་པ་ནི་ཆུ་ཚོད༡་དང་སྐར༢༧ནང་རྒྱུག་ཚར་རྒྱུ་དེ་ཡིན་ལ། འགྲན་སྡུར་ཁྲོད་སྤྱི་ལེ་གཉིས་ཀྱི་རྗེས་སུ་རྒྱུག་ཚད་ཇེ་མགྱོགས་སུ་གཏོང་བར་ཚོད་ལྟ་བྱས་པ་ཡིན། འགྲན་སྡུར་འདིའི་རྗེས་ནས་ཟླ༨པར་ཡཱ་ཅ་ཏ་ཨེ་ཤ་ཡ་གླིང་འགྲན་ཚོགས་ཀྱི་འགྲན་སྡུར་ལ་གྲ་སྒྲིག་བྱས་ཏེ་སྐར་འབྲས་ལེགས་པོ་ཞིག་འཐོབ་རྒྱུར་ཧུར་ཐག་བྱེད་རྒྱུ་ཡིན་ཞེས་བཤད་འདུག

    སྤྱི་ལོ༢༠༡༢ལོར་ལོན་ཏོན་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ནས་དངུལ་གྱི་རྟགས་མ་བླངས་རྗེས། མོས་ཧ་ཅང་ལེགས་པའི་འགྲན་སྡུར་གྱི་ངང་ཚུལ་རྒྱུན་འཁྱོངས་བྱས་ཤིང་། ད་ལོའི་སྤྱི་ཟླ༣པའི་ཚེས༣ཉིན། རྒྱལ་ཡོངས་འདུར་རྒྱུག་འགྲན་ཚོགས་སམ་རྒྱལ་སྤྱིའི་རྒྱུག་འགྲན་འཛམ་གླིང་འདུར་རྒྱུག་ཐུན་མོང་འགྲན་སྡུར་གྱི་བདམས་གསེས་འགྲན་སྡུར་ཨན་ཧོས་ནས་ཚོགས་པ་དང་། ཆོས་དབྱིངས་སྐྱིད་ཀྱིས་ཆུ་ཚོད༡སྐར༢༧སྐར་ཆ༣༦གིས་ཨང་དང་པོ་བླངས་ལ། ཟླ༤པའི་ཚེས༧ཉིན། མོས་ཆུ་ཚོད༡སྐར༢༨སྐར་ཆ༠༤ཡི་སྐར་འབྲས་ཀྱིས་༢༠༡༨ལོའི་རྒྱལ་སྤྱིའི་རྒྱུག་འགྲན་འགྲན་སྡུར་ལས་ཕོར་ཐུ་ཀེ་ས་ཚིགས་ཀྱི་སྐྱེས་མའི་སྤྱི་ལེ༢༠ཡི་ཨང་དང་པོ་བླངས། ཟླ༥པའི་ཚེས༥ཉིན། ༢༠༡༨ལོའི་འཛམ་གླིང་འདུར་རྒྱུག་ཐུན་མོང་འགྲན་སྡུར་ཁྲོད། ཆོས་དབྱིངས་སྐྱིད་ཀྱིས་ཀྲུང་གོའི་སྐྱེས་མའི་ཚབ་བྱས་ཏེ་སྐྱེས་མའི་སྤྱི་ལེ༢༠ཡི་ཐུན་མོང་འགྲན་སྡུར་གྱི་ཨང་དང་པོ་བླངས།

 

ཆོས་དབྱིངས་སྐྱིད་ནི༡༩༩༠ལོར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ཝ་འཇོག་ཡུལ་ཚོའི་བོད་རིགས་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་སྟེང་བྱ་དགའ་ཐོབ་མཁན་གྱི་བོད་པ་ཐོག་མ་དེ་ཡིན།

རྩོམ་སྒྲིག་པ། པད་མ།