རྒྱ་གར་གྱིས་ཀྲུང་གོས་ཡུལ་གྱར་བོད་པ་མྱུལ་མར་འགུག་བཞིན་ཡོད་པའི་སྐོར་བརྗོད་པ།
སྤེལ་བའི་དུས་ཚོད། : 2018-01-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

   རྒྱ་གར་གྱི་The Printཞེས་པའི་དྲ་བའི་ཐོག་སྤྱི་ཚེས་༥ཉིན་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་གར་གསང་འཕྲིན་ཁང་གིས་ཉེ་ལམ་དྲན་སྐུལ་ཐ་ཚིག་ཅིག་བསྒྲགས་པའི་ནང་། རྒྱ་གར་གྱི་ཨ་རོལ་རྣ་ཆ་མངའ་སྡེ་(ཀྲུང་གོའི་བོད་ལྗོངས་ལྷོ་ཕྱོགས་ས་ཁུལ་)དང་། འབྲས་ལྗོངས་སོགས་ས་ཁུལ་གྱི་ཡུལ་གྱར་བོད་པ་ཀྲུང་གོས་མྱུལ་མར་བཀུག་ནས་ཀྲུང་གོའི་ཕྱོགས་ལ་རྒྱ་གར་གྱི་དམག་དོན་གསང་འཕྲིན་མཁོ་སྤྲོད་བྱེད་དུ་འཇུག་བཞིན་ཡོད་པའི་སྐོར་བརྗོད་ཡོད་ཅིང་། ཀྲུང་གོའི་རིགས་གཅིག་མཁས་པས་དེའི་སྐོར་ལ་རྒྱ་གར་གྱི་བརྗོད་སྟངས་དེ་ནི་རྩ་བ་ནས་གཟུགས་མེད་གྲིབ་མཐོང་དང་དོགས་པ་ཚ་པོ་ཟོས་པ་ཡིན་པ་ལས་དོན་དངོས་མིན་ཞེས་ལན་བཏབ་ཡོད།

    The Printཞེས་པའི་དྲ་བའི་དྲ་བའི་ཐོག་སྤེལ་བར། རྒྱ་གར་གསང་འཕྲིན་ཁང་གིས་ཀྲུང་གོས་ཡུལ་གྱར་བོད་པ་མྱུལ་མར་འགུག་བསམ་ནས་ལོ་གཉིས་ཕྱིན་ཡོད་ཅིང་། མ་འོངས་པར་མྱུལ་མ་མང་པོ་འགུག་སྲིད་ཅེས་འབྲེལ་ཡོད་ས་ཁུལ་གྱི་ཉེན་རྟོག་ཁང་ལ་དྲན་སྐུལ་བྱས་ཡོད་ལ། དྲ་བ་དེའི་ཐོག་ད་དུང་ཡུལ་གྱར་བོད་པ་མི་ཉུང་བ་ཀྲུང་གོས་མྱུལ་མར་བཀུག་རྗེས་ཀྲུང་གོར་ཕྱིན་ཡོད་ཅེས་དང་། ཀྲུང་གོས་ཡུལ་གྱར་བོད་པ་ཚོས་འཚོ་བ་སྔར་བས་ཡག་པོ་རོལ་བསམ་ཡང་ལས་ཀའི་གོ་སྐབས་མེད་པའི་གནས་ཚུལ་ལ་གཞིགས་ནས་ཁོ་ཚོ་འགུག་བཞིན་པ་དང་། མྱུལ་མ་བྱས་རྗེས་གླ་ཆ་ཡོད་ཅིང་ཀྲུང་གོ་རུ་ལས་ཀའི་གོ་སྐབས་སྤྲོད་བཞིན་པ་མ་ཟད། ཕྲུ་གུ་རྣམས་ལ་སློབ་གསོའང་མྱོང་ཐུབ་པར་བྱེད་ཀྱི་ཡོད་ཅེས་བརྗོད་འདུག

རྒྱ་གར་གསང་འཕྲིན་ཁང་གིས་ཀྲུང་གོས་ཡུལ་གྱར་བོད་པ་མྱུལ་མར་བཀུག་པའི་སྐོར་གྱི་སྙན་ཞུ་ཞིག་རྒྱ་གར་དབུས་གཞུང་ལ་ཕུལ་ཡོད་པ་མ་ཟད། འབྲེལ་ཡོད་ས་ཁུལ་གྱི་བོད་པར་ལྟ་སྐུལ་དོ་དམ་དང་ཞིབ་བཤེར་བྱེད་པའི་ངེས་པ་ཡོད་པ་སྟེ། རྒྱ་གར་ནང་སྲིད་ཁང་གི་དཔོན་རིགས་ཤིག་གིས་སྨྱན་སྦྱོར་ལ་གསང་འཕྲིན་ཁང་གི་དྲན་སྐུལ་དེར་བདེན་པའི་ངེས་པ་ཆེ་བས་བརྟག་དཔྱད་ནན་མོ་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག

ཀྲུང་གོའི་ཆིང་ཧྭ་སློབ་གྲྭ་ཆེན་མོའི་རྒྱལ་ཁབ་འཐབ་ཇུས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཆན་ཧྥེང་གིས་སྤྱི་ཚེས་༥ཉིན་ཀྲུང་གོ་དང་རྒྱ་གར་བར་འབྲོག་ལམ་ས་ཁུལ་གྱི་ཉོག་དྲ་བྱུང་རྗེས། རྒྱ་གར་བདེ་འཇགས་ལས་ཁུངས་ཀྱིས་ཀྲུང་གོའི་ཕྱོགས་སོ་སོར་དོགས་པ་ཆེན་པོ་ཟ་བཞིན་ཡོད་མོད། དོན་དངོས་ཐོག་ཀྲུང་གོའི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས་ཀྲུང་གོའི་རྟོག་ཞིབ་ཐབས་ལམ་ཡང་འཐུས་སྒོ་ཇེ་ཚང་དུ་འགྱུར་བཞིན་པ་དང་། རང་གི་མངའ་ཁོངས་དང་བདག་དབང་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་ལྡན་པས། ཡུལ་གྱར་བོད་པ་མྱུལ་མར་བཀོལ་དགོས་དོན་མེད་པ་སྟེ། ཁོ་ཚོས་རྒྱ་གར་མཐའ་མཚམས་ས་ཁུལ་གྱི་དམག་དོན་གསང་འཕྲིན་ཤེས་ཐབས་མེད་པ་མ་ཟད། མྱུལ་མས་ལས་ཀ་སྒྲུབ་ན་ཤིན་ཏུ་ཤེས་སླ་ཞིང་འཛིན་སླ་ཞེས་བསྟན་ཡོད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
རྩོམ་སྒྲིག་པ། རྡོ་རྗེ་གཡུ་སྒྲོན།