ནོ་པེར་བྱ་དགའ་ཐོབ་མཁན་གྱིས་ང་ཚོར་འདི་ལྟར་གསུངས་འདུག
སྤེལ་བའི་དུས་ཚོད། : 2017-10-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

 

  ནོ་པེར་ལུས་ཁམས་སམ་གསོ་བ་རིག་པའི་བྱ་དགའ་ཐོབ་མཁན་གྱིས་ཞིབ་འཇུག་བྱས་པ་ལྟར་ན། ང་ཚོའི་ལུས་པོར་རང་ནུས་སྙོམས་སྒྲིག་དང་ཚོད་འཛིན་གྱི་ནུས་པ་ཞིག་ཡོད་ལ། ནམ་རྒྱུན་དགོང་མོ་གཉིད་ལོག་པ་དང་ཉིན་མོར་གཉིད་སད་པ། ད་དུང་དུས་ཚོད་ངེས་ཅན་ཞིག་ལ་ཐོན་ཚེ་བཟའ་བཏུང་བྱ་དགོས་པ་སོགས་ནི་དེའི་བྱེད་ནུས་ཡིན། ཡིན་ཡང་གལ་སྲིད་ང་ཚོས་དེའི་ཆོས་ཉིད་བརྩི་སྲུང་མ་བྱས་པར་དུས་ཐོག་ཏུ་ངལ་གསོ་མི་བྱ་བ་སྟེ། མཚན་མོར་མི་གཉིད་པ་དང་། དུས་ལྟར་དུ་ཟས་མི་སྤྱོད་པ་སོགས་བྱས་ན་ལུས་པོའི་སྙོམས་སྒྲིག་གི་ནུས་པར་གཏོར་བརླག་ཐེབས་ནས་བདེ་ཐང་ལ་གནོད་སྐྱེལ་བ་རེད།

  

ལྷག་པར་དུ་མཚན་མོ་གཉིད་འཕྱི་པ་དང་མི་གཉིད་པ་སྟེ། དུས་ཐོག་ཏུ་ངལ་གསོ་མ་བྱས་ན་ང་ཚོའི་ལུས་པོའི་ནང་གི་ཟགས་ཐོན་མ་ལག་ལ་གཏོར་སྐྱོན་ཐེབས་ནས་ལུས་པོའི་སྙོམས་སྒྲིག་གི་ནུས་པ་ཉམས་འགྲོ་ཞིང་། སྙོམས་སྒྲིག་གི་ནུས་པ་ཉམས་ཚེ་ང་ཚོའི་དབང་པོ་སོ་སོར་གནོད་འཚེ་ཐེབས་ནས་ནད་སྣ་ཚོགས་འབྱུང་སླ་བར་འགྱུར་བ་དང་། ལུས་པོའི་གསོན་ཤུགས་ཉམས་ཤིང་གདོང་གི་མདངས་ཡལ་བ། རིག་པ་རྟུལ་བོར་འགྱུར་བ་སོགས་ཀྱི་གནད་དོན་འབྱུང་སྲིད་པ་རེད།

  

 མཚན་མོར་ཁ་པར་དང་གློག་ཀླད་སོགས་ཡུན་རིད་དུ་སྤྱད་ན་ཡང་གནོད་སྐྱོན་ཆེ་བ་གསུངས་ཡོད་པ་སྟེ། དེའི་འཆར་ངོས་ཀྱི་གློག་འོད་ཀྱིས་ལུས་པོའི་ནང་གི་ཟགས་ཐོན་ལ་ཤུགས་རྐྱེན་ཐེབས་ནས་སྙོམས་སྒྲིག་གི་ནུས་པ་ཉམས་པར་བྱེད་པ་དང་། དུས་ཡུན་རིང་བོར་གཉིད་མི་ཁུག་པ་སོགས་ཀྱི་གནད་དོན་བཟོ་སྲིད། དེ་བས་ནམ་རྒྱུན་དུས་ལྟར་དུ་ངལ་གསོ་བ་དང་། ཟས་ཟ་བ་སོགས་ལུས་པོའི་རང་ནུས་སྙོམས་སྒྲིག་གི་ཆོས་ཉིད་བརྩི་སྲུང་བྱ་རྒྱུ་ནི་ཧ་ཅང་གལ་ཆེའོ།།

 ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
རྩོམ་སྒྲིག་པ། བསོད་ནམས་འཚོ།