ཀྲུང་གོའི་ཕྱི་འབྲེལ་པུས་རྒྱ་གར་ནས་ས་མཚམས་བརྒལ་བའི་མི་སྣ་དང་སྒྲིག་ཆས་ཚང་མ་ཕྱིར་འཐེན་བྱས་ཡོད་ཅེས་བསྟན་པ།
སྤེལ་བའི་དུས་ཚོད། : 2017-08-28 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

    ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༢༨ཉིན། ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པས་གསར་འགོད་པས་བཏོན་པའི་དྲི་བར་ལན་སྐྱོད་ཡོད་པ་དང་། གསར་འགོད་པས། ཤེས་རྟོག་བྱུང་བར་གཞིགས་ན། སྤྱི་ཟླ་༨པའི་ཚེས་༢༨ཉིན་གྱི་ཕྱི་དྲོ། ཀྲུང་གོ་དང་རྒྱ་གར་མཐའ་མཚམས་ཀྱི་འབྲས་ལྗོངས་དུམ་མཚམས་ཀྱི་ས་མཚམས་བརྒལ་བའི་རྒྱ་གར་གྱི་མཐའ་སྲུང་མི་སྣ་དང་སྒྲིག་ཆས་ཚང་མ་རྒྱ་གར་གཞོགས་སུ་ཕྱིར་འཐེན་བྱས་ཡོད། རྒྱ་གར་དམག་གིས་ས་མཚམས་བརྒལ་བའི་གནད་དོན་ཐག་གཅོད་ཐུབ་ཡོད་པས། དེའི་སྐོར་གྱི་གནས་ཚུལ་ངོ་སྤྲོད་གནང་རོགས་ཞེས་བསྟན་ཡོད་པ་རེད།

ཕྱི་འབྲེལ་པུའི་མགྲིན་ཚབ་པས། སྤྱི་ཟླ་༦པའི་ཚེས་༡༨ཉིན། རྒྱ་གར་གྱི་མཐའ་སྲུང་དཔུང་སྡེས་ཁྲིམས་འགལ་ངང་ཀྲུང་གོ་དང་རྒྱ་གར་གྱི་འབྲས་ལྗོངས་དུམ་མཚམས་ཀྱི་ས་མཚམས་ལས་བརྒལ་ནས་ཀྲུང་གོའི་དོག་ལམ་ས་ཁུལ་དུ་འཛུལ་ཡོད། ཀྲུང་གོས་ཕྱི་འབྲེལ་ཐབས་ལམ་བརྒྱུད་ནས་རྒྱ་གར་ཕྱོགས་ལ་སྐད་ཆ་ཐེངས་མང་བྱས་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་དོན་དངོས་གནས་ཚུལ་གསལ་བཤད་བྱས་ཡོད་ལ། ཀྲུང་གོའི་ལངས་ཕྱོགས་ནན་པོ་དང་ཁ་གསལ་བླང་བྱ་རྒྱས་བཤད་བྱས་ཏེ། རྒྱ་གར་ཕྱོགས་ནས་འཕྲལ་དུ་ས་མཚམས་ལས་བརྒལ་བའི་མཐའ་སྲུང་དཔུང་སྡེ་རྒྱ་གར་གཞོགས་སུ་ཕྱིར་འཐེན་བྱེད་དགོས་པའི་སྐུལ་མ་བཏང་ཡོད། དེ་དང་དུས་མཚུངས་སུ། ཀྲུང་གོའི་དམག་དཔུང་གིས་བྱ་ཐབས་ནུས་ལྡན་བཟུང་ནས། རྒྱལ་ཁབ་ཀྱི་མངའ་ཁོངས་ས་ཆའི་བདག་དབང་དང་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས་ཡོད་ཅེས་བསྟན་ཡོད།

སྤྱི་ཟླ་༨པའི་ཚེས་༢༨ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༢དང་སྐར་མ་༣༠ཙམ་ལ། རྒྱ་གར་ཕྱོགས་ཀྱིས་ས་མཚམས་ལས་བརྒལ་བའི་མི་སྣ་དང་སྒྲིག་ཆས་ཚང་མ་མཐའ་མཚམས་ཀྱི་རྒྱ་གར་ཕྱོགས་སུ་ཕྱིར་འཐེན་བྱས་ཡོད་པ་དང་། ཀྲུང་གོའི་ས་ཡུལ་དངོས་ཀྱི་མི་སྣས་དོན་དེ་ར་སྤྲོད་བྱས་ཡོད། ཀྲུང་གོའི་ཕྱོགས་ནས་ལོ་རྒྱུས་ཐོག་གཏན་འཁེལ་བྱས་པའི་ས་མཚམས་ལྟར་བདག་དབང་དབང་ཆ་ལག་བསྟར་བྱེད་པ་དང་། མངའ་ཁོངས་ས་ཆའི་བདག་དབང་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་པ་རེད།

ཀྲུང་གོའི་སྲིད་གཞུང་ནས་རྒྱ་གར་དང་ཁྱིམ་མཚེས་མཛའ་གྲོགས་འབྲེལ་བ་གོང་འཕེལ་གཏོང་རྒྱུར་སྣང་ཆེན་བྱེད་པ་དང་། རྒྱ་གར་ཕྱོགས་ནས་ལོ་རྒྱུས་ཐོག་གཏན་ལ་འཁེལ་བའི་ས་མཚམས་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་ལ་བརྩི་སྲུང་ཏན་ཏིག་ཞུས་ཏེ་ཀྲུང་གོའི་ཕྱོགས་དང་ལྷན་དུ་ཕན་ཚུན་བར་གྱི་མངའ་ཁོངས་ས་ཆའི་བདག་དབང་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་། མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོབ་བྱས་ཏེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་ངང་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། དབང་འདུས།