རྒྱུགས་རར་ཞུགས་དགོས་པའི་སློབ་གྲོགས་རྣམས་ལ་ཕུལ་བ།
སྤེལ་བའི་དུས་ཚོད། : 2017-06-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

   2016ལོའི་མཐོ་རྒྱུགས་བོད་ཡིག་རྒྱུགས་གཞིའི་ཁྱད་ཆོས་འགའ།

 མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་། མགོན་པོ་ཚེ་རིང་།
    དང་པོ། མཐོ་འབྲིང་གི་ངེས་ཀློག་སློབ་དེབ་ལྔ་དང་འདེམ་ཀློག་སློབ་དེབ་གསུམ་སྟེ་དེབ་བརྒྱད་པོའི་ཤེས་བྱ་ཚུད་པ། དེ་ཡང་སུམ་རྟགས་དག་གསུམ་གྱིས་སྐར་མ་20ཟིན་པ་དང་། སྲོལ་རྒྱུན་བོད་རྩོམ་གྱིས་སྐར་མ20། དེང་རབས་བོད་རྩོམ་གྱིས་སྐར་མ20། འགྱུར་རྩོམ་གྱིས་སྐར་མ10། རྩོམ་འབྲིའི་ཤེས་བྱས་སྐར་མ12། བསྡུས་གྲྭས་སྐར་མ8། རིག་གནས་སྣ་འཛོམས་ཀྱིས་སྐར་མ10། རྩོམ་ཡིག་གིས་སྐར་མ50བཅས་བསྡོམས་པས་སྐར་མ150ཡིན།
   གཉིས་པ། རྒྱུ་ཆ་དབྱེ་ཞིབ་བྱས་ནས་ལན་འདེབ་རྒྱུ་མང་བ་ལས་ཐད་ཀར་གོ་དོན་དང་མཚན་ཉིད་འབྲི་བ་སོགས་ཅུང་ཉུང་བ། དཔེར་ན་དག་ཡིག་ལ་སྔར་གྱི་ཐ་སྙད་འགྲིག་མིན་ལ་བརྟག་པ་དེ་བསྒྱུར་ནས་རྒྱུ་ཆའི་ཁྲོད་དུ་གོ་བ་ལེན་ཚུལ་གྱི་དྲི་བ་ཅན་ཏུ་བཏང་བ།
ག    སུམ་པ། རྩོམ་ཡིག་ལ་མཚོན་ན་དུམ་ཚན་གསུམ་སྟེ། ཚིགས་བཅད་འབྲི་བའི་ནུས་པ་དང་། མི་སྣ་ཞིབ་འབྲིའི་ཐད་ཀྱི་རྩོམ་ཐུང་ཞིག སྤྱི་ཚོགས་ཀུན་སྤྱོད་ཐད་ཀྱི་རྩོམ་ཡིག་བཅས་གསུམ་པོ་བསྡོམས་ན་ད་གཟོད་སྐར་མ50ལེན་ཐུབ་པའི་ཚད་བཟུང་ཡོད། དེར་མ་ཟད་རེ་རེ་ཡང་རྒྱུ་ཆ་ལྟར་འབྲི་དགོས་པ་ཡིན།

 

མཐོ་རྒྱུགས་ལ་སྐར་གྲངས་བཟང་པོ་ལེན་ཐབས།
   མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་། སྟག་རིག་རྟ་མགྲིན་རྒྱལ།
  ཐབས་དམ་པ་དེ་ནི། དྲི་བ་ལ་ཞིབ་ལྟ་བྱས་ནས་དྲིས་ལན་དོན་མཐུན་གདབ་རྒྱུ་དེ་རེད་འདོད།
    སློབ་མ་མང་པོ་ཞིག་གིས་དྲི་བའི་ནང་དོན་དང་རེ་བ་རྣམས་ལ་ཞིབ་ལྟ་མི་བྱེད་པར་དྲིས་ལན་འདོད་འདོད་དུ་འདེབས། རྩོམ་ཡིག་ལ་ཁ་བྱང་འདོགས་པ། དགག་སྒྲུབ་ཡིན་པ། ཡིག་འབྲུ་དྲུག་བརྒྱ་ལོངས་དགོས་པ་སོགས་རེ་བ་དམིགས་གསལ་དུ་བཏོན་ཡོད་བཞིན། ལ་ལར་ཁ་བྱང་མེད་པ། ལ་ལར་ཡིག་འབྲུ་མི་ལོང་བ། ཡང་ལ་ལ་དགག་སྒྲུབ་རྩོམ་ཡིག་མ་ཡིན་པ་སྟེ། གང་ལྟར་རེ་བ་ལྟར་ཡེ་ནས་བྲིས་མེད་པ་ཉུང་ཉུང་མ་ཡིན།
   གང་ལྟར་དྲི་བའི་དོན་ལ་ཞིབ་ལྟ་དང་། དྲི་བ་རེ་རེའི་ཆ་རྐྱེན་ལ་ཞིབ་ལྟ་གནང་རྒྱུ་མ་བརྗེད།


མཐོ་རྒྱུགས་རྩོམ་ཡིག་རྒྱུགས་བཤེར་སྐབས་ཀྱི་ཚོར་སྣང་།
    མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་། གུར་མགོན་སྐྱབས།
    རྩོམ་ཡིག་ལ་རྩོམ་ཆུང་དང་རྩོམ་ཆེན་གཉིས་ཡོད་ཅིང་། རྩོམ་ཆུང་ལ་བཅད་ལྷུག་གཉིས་ཡོད་དེ་དོན་ཚན་གསུམ་པ་ཚིག་སྦྱོར་སྤེལ་བ་ཞེས་པ་དེ་ཡིན་ལ། སྐར་ཚད15%ཡིན། ཚིགས་བཅད་ཤོ་ལོ་ཀ་དེ་སྙན་ངག་གི་རྒྱན་གྱིས་བཅིངས་ཏེ་བྲིས་ཆོག་ཅིང་། ལྷུག་མ་དེ་རྒྱན་གྱིས་བཅིངས་ཐབས་མེད་པའི་ཉེར་སྤྱོད་རྩོམ་གི་འབྲི་ཐབས་ཀྱི་རིགས་ལ་གཏོགས་པ་ཡིན། འདིར་རྒྱུགས་བཤེར་དགེ་རྒན་གྱིས་གཙོ་བོར་ཚིག་སྦྱོར་སྤེལ་སྟངས་བཟང་ངན་དང་བྱང་ཆ་ཡོད་མེད་ལ་བརྟགས་ཏེ་སྐར་མ་སྟེར་བ་རེད། འོན་ཀྱང་དྲི་བའི་རེ་བ་ལྟར་འབྲི་དགོས་རྒྱུ་གཙོ་བོ་རེད།
    དོན་ཚན་བཞི་བ་ནི་རྩོམ་ཆེན་ཏེ། འདི་ལ་སྐར་ཚད35%ཡོད། ཐོག་མར་རྒྱུ་ཆ་ལ་བལྟ་དགོས་ཏེ། དཔེར་ན་རྒྱུ་ཆའི་ནང་དོན་ནི་“ཡ་རབས་ཚུལ་ལྡན”ཞེས་པའི་ཐ་སྙད་འདི་སྙིང་པོར་བྱས་ཏེ་ལྷུག་བརྗོད་བྱས་ཡོད་ཅིང་། ཐོག་མར་ཐག་གཅོད་དགོས་པ་ཞིག་ནི་ཁ་བྱང་ཡིན། ༢༠༡༦ལོའི་རྩོམ་རྒྱུགས་ལས་ཁ་བྱང་ལེགས་པོ་ཡང་མང་དུ་མཐོང་སྟེ། དཔེར་ན། “ཀུན་སྤྱོད་བཟང་པོ་ལམ་གྱི་ཉི་འོད་ཡིན། ”ཞེས་པ་དང་“ཀུན་སྤྱོད་ལེགས་པོས་ནང་གི་མཛེས་སྡུག་མཚོན། ”ལྟ་བུ་ཡིན་ལ། གལ་སྲིད་ཁ་བྱང་མི་མཛེས་པའམ་ཅུང་ཟད་གཟུར་བ་སོགས་བྱུང་ན་དེ་ལ་དེ་འཚམ་གྱི་སྐར་གྲངས་གཅོག་བཞིན་ཡོད།
ན་ནིང་གི་མཐོ་རྒྱུགས་ཀྱི་རྩོམ་ཡིག་ལས་འཕྲོས་པའི་མཉམ་འཇོག་དགོས་ས།
   དང་པོ། རྩོམ་ཡིག་འབྲི་དུས་རྒྱུགས་ཤོག་ངོས་ཀྱི་རྒྱུ་ཆ་དང་རེ་བ་ལ་མི་བལྟ་བར་འབྲེལ་མེད་དོན་གཞན་གྱི་ཚིག་འབྲི་བ།
   གཉིས་པ། གྲ་སྒྲིག་བྱས་པའི་རྩོམ་ཡིག་བློར་བཟུང་སྟེ་རྩོམ་རྒྱུགས་ཀྱི་ཁ་བྱང་དང་མི་མཛའ་ཡང་བཙན་གྱིས་སྦྱོར་བ།
   གསུམ་པ། སློབ་གྲོགས་ལ་ལས་ཐིག་ཕྲེང་རེ་གཉིས་ལས་མ་བྲིས་པ་དང་ཕྱེད་ཀ་ཙམ་ལས་མ་བྲིས་པ། དེ་བཞིན་སྟོང་བར་བཞག་པ་སོགས།
   བཞི་བ། ཆ་རྐྱེན་མ་ལོངས་པ་སྟེ་ཡིག་གྲངས་སུམ་བརྒྱ་ལས་མེད་པ། རྩོམ་སྟངས་དུངས་བརྗོད་ལྷུག་རྩོམ་ལས་དགག་སྒྲུབ་ཀྱིས་མི་འབྲི་བ། ཁ་བྱང་མེད་པ་ལ་སོགས།
  རྩོམ་ཡིག་འབྲི་དུས་རང་ལ་སྤོབས་པ་དང་ཡིད་ཆེས་ཀྱིས་ཁེངས་པ་དང་། འབད་པ་ཆེན་པོས་རང་སྟོབས་ཀྱིས་བྲིས་པའི་རྩོམ་ཡིག་ལ་སྐར་མ་ལོན་དང་མ་ལོན་ཅི་འདྲ་ནའང་རྗེས་སོར་ནམ་ཡང་འགྱོད་པར་མི་འགྱུར་སྙམ་མོ། །
ཡོ

ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བ།
རྩོམ་སྒྲིག་པ། གཡང་མོ་བཀྲ་ཤིས།