རྒྱ་གར་གྱི་ཉིང་རྡུལ་གློག་ཁང་ཆེ་ཤོས་ཀྱི་གཞི་གྲངས་ཕྱིར་གྱར་འདུག
རྒྱ་གར་ཕྱོགས་ཀྱིས་ཚེས་17ཉིན་སྤེལ་བའི་གནས་ཚུལ་ལ་གཞིགས་ན། རྒྱ་གར་གྱི་ཉིང་རྡུལ་གློག་ཁང་ཆེ་ཤོས་ཏེ་ཁུའུ་ཏན་ཁུའུ་ལ་མོ་ཉིང་རྡུལ་གློག་ཁང་ལ་ཉེ་ཆར་གཞི་གྲངས་འབོར་ཆེན་ཕྱིར་གྱར་བའི་གནས་ཚུལ་ཐོན་པ་དང་། དེའི་ནང་ལས་གྲྭའི་ཇུས་འགོད་དཔེ་རིས་དང་མཁོ་འདོན་ཚོང་པའི་ཆ་འཕྲིན། ལས་མིའི་དཔྱད་ཡིག་སོགས་ཡིག་ཆ་ཁྲི་1.9ཙམ་ཚུད་ཡོད། རིགས་གཅིག་མཁས་པ་ཁ་ཤས་ཀྱིས་དོན་རྐྱེན་འདིས་ཉིང་རྡུལ་གློག་ཁང་གི་བདེ་འཇགས་ལ་འཇིགས་སྐུལ་ཐེབས་སྲིད་པའི་སེམས་ཁྲལ་བྱེད་མོད། འོན་ཀྱང་ལས་གཉེར་ཕྱོགས་ཀྱིས་ཉིང་རྡུལ་གློག་ཁང་ལ་འབྲེལ་ཡོད་ཀྱི་ཉེན་ཁ་མེད་ཅེས་བཤད་འདུག

ཁུའུ་ཏན་ཁུའུ་ལ་མོ་ཉིང་རྡུལ་གློག་ཁང་ནི་རྒྱ་གར་ལྷོ་རྒྱུད་ཀྱི་ཐེ་སྨིར་ན་ཏེ་མངའ་སྡེར་གནས་ཤིང་། 2013ལོ་ནས་བཟུང་ལས་གཉེར་བྱེད་འགོ་ཚུགས་པ་དང་། ཉིང་རྡུལ་གློག་གི་འཕྲུལ་ཚན་མང་པོ་ཞིག་འཛུགས་སྐྲུན་བྱེད་མུས་ཡིན་པ་རེད། གཞི་གྲངས་ཕྱིར་གྱར་བའི་དོན་རྐྱེན་འདི་ཉིང་རྡུལ་གློག་ཁང་གི་འགན་གཙང་ལེན་ཚོང་པའི་གྲས་ཤིག་ཡིན་པའི་རྒྱ་གར་ཞིན་ཧྲི་རྨང་གཞིའི་འཛུགས་སྐྲུན་ཚད་ཡོད་ཀུང་སི་དང་འབྲེལ་བ་ཡོད་པ་རེད། རྒྱ་གར་ཕྱོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། བཙན་ལེན་མཉེན་ཆས་ཀྱི་ཚུར་རྒོལ་ཕོག་པའི་རྐྱེན་གྱིས་ཞིན་ཧྲི་རྨང་གཞིའི་འཛུགས་སྐྲུན་ཚད་ཡོད་ཀུང་སིའི་ཡིག་ཆ་ཁྱོན་ཁྲི་85ཕྱིར་གྱར་ཡོད་པ་དང་། དེའི་ནང་ཁྲི་1.9ཙམ་ནི་ཁུའུ་ཏན་ཁུའུ་ལ་མོ་ཉིང་རྡུལ་གློག་ཁང་དང་འབྲེལ་བ་ཡོད་ཅིང་། འབྲེལ་ཡོད་ཆ་འཕྲིན་ལ་གཞིགས་ན་དེ་དག་ནི་ད་ཐེངས་ཕྱིར་གྱར་བའི་ཡིག་ཆའི་ནང་ཚོར་བ་སྐྱེན་ཤོས་ཀྱི་ནང་དོན་ཡིན་ཏེ། དེའི་ནང་ལས་གྲྭའི་དུས་རིམ་ཁག་གི་ཇུས་འགོད་དཔེ་རིས་དང་མི་སྣའི་དཔྱད་ཡིག ཉོ་སྒྲུབ་ཟིན་ཐོ། འགན་བཅོལ་འཛིན་ཤོག་སོགས་ཚུད་ཡོད་པ་རེད།
ཞིན་ཧྲི་རྨང་གཞིའི་འཛུགས་སྐྲུན་ཚད་ཡོད་ཀུང་སིས། རྒྱ་གར་སྲིད་གཞུང་ལ་དོན་དེ་གོང་ཞུ་བྱས་ཟིན་ཞེས་བརྗོད་ཡོད། གནས་ཚུལ་ཤེས་མཁན་མི་སྣས། རྒྱ་གར་གྱི་གློག་རྡུལ་དང་ཆ་འཕྲིན་ལག་རྩལ་པུའུ་ཁོངས་གཏོགས་ཀྱི་རྩིས་འཁོར་འཕྲལ་སྒྲུབ་ལན་ཆའི་ཚོགས་ཆུང་གིས་བརྟག་དཔྱད་བྱེད་འགོ་ཚུགས་ཡོད་ཅེས་བརྗོད་ཡོད།
རིགས་གཅིག་མཁས་པས། དོན་རྐྱེན་འདིས་རྒྱ་གར་གྱི་ཁེ་ལས་མང་པོ་ཞིག་ལ་ཇེ་མང་དུ་འགྲོ་བའི་མགྲོན་ནག་རྒོལ་རྡུང་ལ་ཁ་གཏད་གཅོག་པའི་ནུས་པ་མི་འདང་བ་མཚོན་གྱི་ཡོད། གཞུང་ལུགས་ཐད་ནས་བལྟས་ན། ཕྱིར་གྱར་བའི་ཡིག་ཆ་གཞིར་བཟུང་ཁུའུ་ཏན་ཁུའུ་ལ་མོ་ཉིང་རྡུལ་གློག་ཁང་གི་འབྲེལ་ཡོད་རྒྱབ་སྐྱོར་མ་ལག་གི་ས་བཀྲ་འགོད་ཐུབ་པ་དང་། མཁོ་འདོན་ཚོང་པ་དབྱེ་འབྱེད་ཐུབ་པ་མ་ཟད་མཁོ་འདོན་འབྲེལ་ཐག་གི་ཉམས་ཞན་ལྷུ་ཚིགས་ཀྱང་རྙེད་ཐུབ་པས། དེས་ཉིང་རྡུལ་གློག་ཁང་ལ་བདེ་འཇགས་ཀྱི་འཇིགས་སྐུལ་འཕྲད་རྒྱུ་རེད་ཅེས་བསྟན་འདུག
འོན་ཀྱང་ཉིང་རྡུལ་གློག་ཁང་དེའི་གཉེར་སྐྱོང་ཕྱོགས་ཡིན་པའི་རྒྱ་གར་ཉིང་རྡུལ་གློག་ཁང་ཚད་ཡོད་ཀུང་སིས་འབྲེལ་ཡོད་བཤད་ཚུལ་ཁས་བླངས་མེད་པ་དང་། ཕྱི་ལ་གྱར་བའི་ཡིག་ཆ་དེ་འགན་གཙང་ལེན་ཚོང་པས་བསྐྲུན་པའི་སྤྱི་སྤྱོད་ཞབས་ཞུའི་སྒྲིག་བཀོད་དང་འབྲེལ་བ་ཡོད་པ་ལས་ཉིང་རྡུལ་གློག་ཁང་གི་བདེ་འཇགས་དང་བདེ་སྲུང་མ་ལག་དང་འབྲེལ་བ་མེད་པས་སེམས་ཁྲལ་བྱེད་དགོས་དོན་མེད་ཅེས་བརྗོད་འདུག
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
















