▶ལུའུ་ཧྥུ་ཕོ་བྲང་གི་ཅ་དངོས་རྐུ་མཁན་ཉེས་བསཌ་དོཌ་ཡོད་པ་2བཟུང་འདུག
སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པར་ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་26ཉིན་ཤེས་རྟོགས་བྱུང་བར་གཞིགས་ན། ལུའུ་ཧྥུ་ཕོ་བྲང་གི་རྐུ་ཤོར་བའི་གྱོད་གཞི་དང་འབྲེལ་བ་ཡོད་པའི་ཉེས་བསགས་དོགས་ཡོད་པ་གཉིས་འཛིན་བཟུང་བྱས་ཡོད་པ་རེད།
ཕ་རི་སིའི་ཞིབ་དཔྱོད་ཁང་གིས་ཟླ་10ཚེས་26ཉིན“སྒྲིག་འཛུགས་ཡོད་པའི་རྐུ་འཕྲོག་ལ་རྡུང་རྡེག་གཏོང་བའི”ཉེན་རྟོག་རུ་ཁག་གི་(BRB)བརྟག་དཔྱད་མི་སྣས་ཚེས་25ཉིན་གྱི་དགོང་མོ་འཛིན་བཟུང་བྱ་སྤྱོད་སྤེལ་བ་ཁྱབ་བསྒྲགས་བྱས་ཤིང་། ཞིབ་དཔྱོད་ཕྱོགས་ཀྱིས། འཛིན་བཟུང་བྱས་པའི་མི་གཉིས་ནང་གི་སྐྱེས་པ་གཅིག་སྐབས་དེར་ཏའེ་ཀའོ་ལེ་གནམ་ཐང་བརྒྱུད་ཧྥ་རན་སེའི་མངའ་ཁོངས་ནས་ཁ་བྲལ་རྩིས་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད། ཕ་རི་སིའི་ཞིབ་དཔྱོད་དཔོན་ལོའར·པེ་ཁུའུ་ཨོའོ(Laure Beccuau)ཡིས། ཐེངས་འདིའི་བཀག་ཉར་འདྲི་རྩད་མཇུག་འགྲིལ་རྗེས། ཆ་འཕྲིན་དེ་བས་མང་བ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།
ཟླ་10ཚེས་19ཉིན་གྱི་ཆུ་ཚོད་9དང་སྐར་མ་30ཡས་མས་སུ། ལུའུ་ཧྥུ་ཕོ་བྲང་གི་རྟེན་རྫས་བཤམས་མཛོད་ཁང་ལ་རྐུ་ཤོར་བའི་དོན་རྐྱེན་ཐོན་པ་དང་། ངོ་གདོང་བཀབ་པའི་མི་ཁ་ཤས་ཀྱིས་སྐར་མ་ཁ་ཤས་ནང་ནཱ་ཕོ་ལུན་དུས་སྐབས་ཀྱི་མགུལ་རྒྱན་དང་། ཁབ་རྒྱན། རྣ་ལོང་སོགས་ཚུད་པའི“རིན་ཐང་གཞལ་མེད་ཀྱི་རིན་ཆེན་རྒྱན་ཆ་རྐུས་ཡོད། ལུའུ་ཧྥུ་ཕོ་བྲང་གིས་དེ་འཕྲལ་མི་སྣ་ཁ་འགྲེམས་ཀྱིས་འགྲེམས་ཁང་སྒོ་རྒྱག་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། ཉེས་བསགས་དོགས་ཡོད་པ་བྲོས་འགྲོ་སྐབས་རྒྱལ་ཡུམ་ཨོའུ་རེན་ཉི་ཡི་ཅོད་པན་མ་དབྱུག་ཀ་མེད་བྱུང་ཡོད། མིག་སྔར། རྒྱལ་ཡུམ་གྱི་ཅོད་པན་ཉེན་རྟོག་པར་རྙེད་ཡོད་པ་དང་དེ་བྱིངས་ཀྱི་རིན་ཆེན་རྒྱན་ཆ་བརྒྱད་ད་བར་གར་སོང་ཆ་མེད་དུ་གྱུར་ཡོད། ཚེས་22ཉིན་གྱི་ཆུ་ཚོད་9པར་རྐུ་ཤོར་བའི་དོན་རྐྱེན་ཐོན་ནས་ཉིན་གསུམ་ཕྱིན་རྗེས། ལུའུ་ཧྥུ་ཕོ་བྲང་སླར་ཡང་སྒོ་ཕྱེ་བ་དང་ཡུལ་སྐོར་བས་ལྟ་སྐོར་བྱེད་ཆོག་གི་ཡོད་པ་རེད། རྟེན་རྫས་བཤམས་མཛོད་ཁང་དེའི་ནང་གི་རྐུ་ཤོར་སའི་ཨ་པོ་ལུའོ་ཁྱམས་རིང་སྔར་བཞིན་སྒོ་བརྒྱབ་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག ཟླ་བ་ཚེ་རིང་།
ཡིག་སྒྱུར། མཚམས་གཅོད།
















