▶ཀ་ཧྲའི་དམག་མཚམས་འཇོག་པའི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ།
ས་གནས་དེ་གའི་དུས་ཚོད་ཚེས་8ཉིན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་སྤྱི་འབྲེལ་སྟེགས་བུ་“དོན་དངོས་སྤྱི་འབྲེལ”ཐོག་རྩོམ་ཡིག་སྤེལ་ནས། དབྱི་སི་རལ་དང་ཧ་མ་སི་གཉིས་ཀས་ཁོང་གིས་བཏོན་པའི“རྩ་གནད་20ཡི་འཆར་གཞིའི”དུས་མཚམས་དང་པོའི་གྲོས་ཆོད་ལ་མིང་རྟགས་བཀོད་ཡོད་ཅེས་བཤད་འདུག དེས་བཀག་ཉར་བྱས་པའི་དབྱི་སི་རལ་ཕྱོགས་ཀྱི་མི་སྣ་ཚང་མ་མགྱོགས་མྱུར་གློད་འགྲོལ་གཏོང་རྒྱུ་ཡིན་པ་དང་། དབྱི་སི་རལ་གྱི་དམག་དཔུང་ཡང་ཕྱོགས་གཉིས་པོས་གྲོས་ཐག་བཅད་པའི་མཚམས་ཐིག་ཏུ་ཕྱིར་འཐེན་བྱ་རྒྱུ་ཡིན་པ་མཚོན་ཡོད།
ཀ་ཧྲ་ཡི་དམག་མཚམས་འཇོག་པའི་གྲོས་ཆོད་ལ་གྲོས་འཆམ་བྱུང་ཟིན་པ་ཧ་མ་སིས་བདེན་དཔང་བྱས།
ས་གནས་དེ་གའི་དུས་ཚོད་ཚེས་9ཉིན། ཕ་ལེ་སི་ཐན་གྱི་དབྱི་སི་ལམ་འགོག་རྒོལ་ལས་འགུལ(ཧ་མ་སི)གྱིས་གསལ་བསྒྲགས་སྤེལ་ནས། ཨེ་ཅིབ་ཀྱི་ཧྲ་མུའུ་ཧྲ་དབྱི་ཧོ་རུ་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་བཏོན་པའི་ཀ་ཧྲ་ཞི་བདེའི་འཆར་གཞིར་གྲོས་མོལ་བྱས་རྗེས། ཧ་མ་སི་དང་ཕ་ལེ་སི་ཐན་གྱི་འགོག་རྒོལ་སྒྲིག་འཛུགས་ཁག་དབར་གྲོས་མཐུན་བྱུང་བ་སྟེ།
.ཀ་ཧྲའི་གདོང་ཐུག་མཇུག་སྒྲིལ་རྒྱུ་དང་།
.དབྱི་སི་རལ་གྱིས་ཁྱོན་ཡོངས་ནས་དམག་དཔུང་ཕྱིར་འཐེན་བྱ་རྒྱུར་འགན་ལེན་བྱ་རྒྱུ།
.མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་མངའ་ཁོངས་སུ་འཛུལ་དུ་འཇུག་རྒྱུ།
.བཀག་ཉར་བྱས་པའི་མི་སྣ་བརྗེ་པོ་རྒྱག་རྒྱུ་བཅས་ཡིན།
གསལ་བསྒྲགས་ནང་འགན་ལེན་རྒྱལ་ཁབ་ཁག་དང་དེ་བཞིན་ཨ་རབ་དང་།དབྱི་སི་ལམ་དང་རྒྱལ་སྤྱིའི་སྤྱི་ཚོགས་བཅས་ཕྱོགས་སོ་སོས་དབྱི་སི་རལ་གྱིས་“ནར་འགྱངས་སྤུ་ཙམ་མི་བྱེད་པ་དང་གཡོལ་གཟུར་སྤུ་ཙམ་མེད་པའི་སྒོ་ནས་གྲོས་ཆོད་གྱི་ནང་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་ཡོང་བར་”འགན་ལེན་ཏན་ཏིག་བྱ་དགོས་པའི་འབོད་སྐུལ་བྱས་ཡོད།
དབྱི་སི་རལ་གྱི་ཙུང་ལིས་ནང་སྲིད་ལས་ཁུངས་བསྡུས་ནས་དམག་མཚམས་འཇོག་པའི་གྲོས་ཆོད་ལ་ཆོག་མཆན་འགོད་དུ་འཇུག་རྒྱུ་ཡིན་ཞེས་བཤད།
ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་དབྱི་སི་རལ་དང་ཧ་མ་སིའི་བར་ཞི་བདེ་འཆར་གཞིའི་དུས་མཚམས་དང་པོ་གྲོས་འཆམ་བྱུང་བའི་ཁྱབ་བསྒྲགས་བྱས་རྗེས། དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་ཚེས་9ཉིན་གསལ་བསྒྲགས་སྤེལ་ནས། དབྱི་སི་རལ་གྱི་ངོས་ནས་བརྗོད་ན། དེ་ནི་དུས་ཚོད་གལ་ཆེན་ཞིག་རེད། ངས་སྲིད་གཞུང་བསྡུས་ནས་གྲོས་ཆོད་ལ་ཆོག་མཆན་འགོད་རྒྱུ་ཡིན་པ་དང་། བཀག་ཉར་བྱས་པའི་མི་སྣ་ཚང་མ་རྒྱལ་ནང་དུ་བསུ་རྒྱུ་ཡིན་ཞེས་བཤད་པ་རེད།
ནེ་ཐ་ཉི་ཡའི་ཧུའུ་ཡིས་ད་དུང་དབྱི་སི་རལ་གྱི་དམག་དཔུང་དང་། ཐེ་རོན་ཕུ་དང་དེའི་ཚོགས་པར་ཐུགས་རྗེ་ཆེ་ཞུས་ཡོད། གནས་ཚུལ་སྤེལ་བ་ལྟར་ན། དབྱི་སི་རལ་གྱི་རྒྱལ་སྲིད་ལས་ཁུངས་ཀྱིས་གྲོས་ཆོད་དེར་ཆོག་མཆན་བཀོད་རྗེས་ཀྱི་ཆུ་ཚོད་72ནང་། དབྱི་སི་རལ་གྱི་བཀག་ཉར་མི་སྣ་གློད་འགྲོལ་གཏོང་རྒྱུ་རེད། དབྱི་སི་རལ་གྱི་འཕྲིན་ལམ་12པས་ཨ་རིའི་དཔོན་རིགས་ཀྱི་སྐད་ཆ་དྲངས་ནས། ཀ་ཧྲ་དམག་འཁྲུག་མཇུག་སྒྲིལ་ཟིན་ཞེས་བཤད་འདུག
གནས་ཚུལ་སྤེལ་བ་ལྟར་ན། དངོས་གཞིའི་གྲོས་ཆོད་ནི་ས་གནས་དེ་གའི་དུས་ཚོད་ཚེས་9ཉིན་གྱི་ཆུ་ཚོད་12སྟེང་ཨེ་ཅིབ་ཏུ་མིང་རྟགས་འགོད་རྒྱུ་རེད།
ཕ་ལེ་སི་ཐན་གྱི་སྨྱན་སྦྱོར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། གྲོས་ཆོད་དེའི་ནང་དུ་ལ་ཧྥ་འགག་སྒོ་ཚུད་པའི་ཀ་ཧྲ་ས་ཁུལ་གྱི་མཚམས་བརྒལ་ས་ཚིགས་5ཡི་སྒོ་མོ་འཕྲལ་དུ་འབྱེད་པ་དང་། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་ཟོག་ཀ་ཧྲ་ས་ཁུལ་དུ་བསྐྱོད་དུ་འཇུག་པ། དབྱི་སི་རལ་གྱི་ཀ་ཧྲ་ནས་དམག་དཔུང་ཕྱིར་འཐེན་བྱེད་པའི་ལམ་ཐིག་ས་བཀྲ་ ལེགས་སྒྲིག་བྱ་རྒྱུ། དུས་མཚམས་དང་པོར་གསོན་པོར་གནས་པའི་དབྱི་སི་རལ་གྱི་བཀག་ཉར་མི་སྣ་20གློད་འགྲོལ་གཏོང་རྒྱུ་བཅས་ཚུད་ཡོད། གནས་ཚུལ་སྤེལ་བར་གཞིགས་ན། དབྱི་སི་རལ་གྱི་བཀག་ཉར་མི་སྣ་ཟླ་10པའི་ཚེས་10ཉིན་ནམ་ཡང་ན་ཚེས་11ཉིན་གློད་འགྲོལ་གཏོང་རྒྱུ་རེད་ཅེས་འཁོད་ཡོད་པ་རེད།
གྲོས་ཆོད་དེར་ཨ་རི་དང་། ཨེ་ཅིབ། ཁ་ཐར་བཅས་ཀྱིས་ཁག་ཐེག་བྱ་རྒྱུ་དང་། ཕྱོགས་གཉིས་ཀྱིས་གྲོས་ཆོད་བརྩི་སྲུང་བྱས་ན། འཇབ་རྒོལ་ཡང་བསྐྱར་འབྱུང་མི་སྲིད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག གཡུ་སྒྲོན།
ཡིག་སྒྱུར། རིན་ཆེན་འཚོ།
















