▶ཨུ་ཡུག་གཉིས་ནས་ཞི་བདེ་ཡོང་རྒྱུའི་ཐད་འདི་སྐད་སྨྲས་པ།
ཚེས་24ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས། ཡུག་རེན་གྱི་ཙུང་ཐུང་ཙེ་ལེན་སི་ཅིས་ཡུག་རེན་ལ་ཞི་བདེ་ཡོང་རྒྱུར་བཀག་རྒྱ་བཟོས་འདུག་ཅེས་བརྗོད་པ་དང་། ཡུག་རེན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས། 2025ལོ་ནི་དོན་ངོ་མའི་ཡུན་རིང་ཞི་བདེ་ཡོང་རྒྱུའི་འགོ་ཚུགས་པའི་ལོ་རུ་འགྱུར་དགོས་པ་དང་། ཞི་བདེ་ནི་ཨུ་རུ་སུའི་ཕྱོགས་ཀྱིས་སྤྲོད་དགོས་པ་ཞིག་མ་ཡིན་པར་ངེས་པར་དུ་སྟོབས་ཤུགས་དངོས་ལ་བརྟེན་ནས་ཐོབ་དགོས་པ་ཞིག་རེད་ཅེས་བརྗོད་འདུག
ཕུའུ་ཅིང་གིས་ཉིན་དེར་ཨུ་རུ་སུའི་སྨྱན་སྦྱོར་ལ། ཨུ་རུ་སུའི་ཡུག་རེན་དུ་ཞི་བདེ་ཡོང་བར་བྱེད་འདོད་པ་མ་ཟད། མགྱོགས་མྱུང་ངང་ཞི་བདེ་ཡོང་བར་བྱེད་འདོད། འོན་ཀྱང་ཡུག་རེན་སྲིད་གཞུང་གི་ད་ལྟའི་འགོ་ཁྲིད་ཀྱིས་དམིགས་འབེན་དེ་འགྲུབ་རྒྱུའི་ལམ་བུ་བཀག་ཟིན་ཞེས་བརྗོད་པ་དང་། ཕུའུ་ཅིང་གིས། ཙེ་ལེན་སི་ཅི་ཡིས་ཞི་བདེའི་འདུམ་འགྲིག་གྲོས་མོལ་ལ་གཡོལ་བཞིན་འདུག་ཅེས་དང་། ཁོང་གིས་ད་དུང་། ཡུག་རེན་གནད་དོན་གྱི་གྲོས་མོལ་བརྒྱུད་རིམ་ནང་ཡོ་རོབ་ཞུགས་དགོས། འོན་ཀྱང་ཡོ་རོབ་རང་ངོས་ནས་ཨུ་རུ་སུ་དང་གྲོས་མོལ་བྱ་རྒྱུ་དང་ལེན་བྱེད་ཀྱི་མི་འདུག་ཅེས་བཤད་པ་རེད།
ཉིན་དེར་ཡུག་རེན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས“ཡུག་རེན་ལ་རྒྱབ་སྐྱོར་བྱེད་པའི”དབུ་ཚོགས་རྗེས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག 2025ལོར་ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུག་མཇུག་སྒྲིལ་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་ལས་ལོ་གསུམ་གྱི་རྗེས་མིན་ཞེས་བཤད་པ་རེད། ཙེ་ལེན་སི་ཅི་ཡིས་ཉིན་དེར་ད་དུང་། 2025ལོ་ནི་དོན་ངོ་མའི་ཡུན་རིང་ཞི་བདེ་ཡོང་རྒྱུའི་འགོ་ཚུགས་པའི་ལོ་རུ་འགྱུར་དགོས་པ་དང་། ཞི་བདེ་ནི་ཨུ་རུ་སུའི་ཕྱོགས་ཀྱིས་སྤྲོད་དགོས་པ་ཞིག་མ་ཡིན་པར་ངེས་པར་དུ་སྟོབས་ཤུགས་དངོས་ལ་བརྟེན་ནས་ཐོབ་དགོས་པ་ཞིག་རེད་ཅེས་བརྗོད་འདུག
ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལ་ཧྥུའུ་ལུའོ་ཧྥུའུ་ཡིས། གལ་སྲིད་ གྲོས་མོལ་གྱི་མཇུག་འབྲས་ཨུ་རུ་སུའི་བློར་བབས་ན་དམག་མཚམས་འཇོག་ངེས་ཟེར།
གཞན་ཡང་ཚེས་24ཉིན། ཐུར་ཁེ་རུ་འཚམས་འདྲི་བྱེད་བཞིན་པའི་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལ་ཧྥུའུ་ལུའོ་ཧྥུའུ་ཡིས། ཨུ་རུ་སུའི་ཕྱོགས་ཀྱིས་གདོང་ཐུག་མཇུག་འགྲིལ་རྒྱུའི་ཐད་གྲོས་མོལ་བྱེད་འདོད་ཡོད་མོད། འོན་ཀྱང་གྲོས་མཐུན་གང་དེར་ཨུ་རུ་སུའི་ཕྱོགས་བློ་ཡིད་ཚིམ་པོ་བྱུང་ན། ཨུ་རུ་སུས་ད་གཟོད་གཞི་ནས་དམག་དོན་བྱ་སྤྱོད་སྤེལ་མཚམས་འཇོག་རྒྱུ་ཡིན་ཞེས་བཤད་པ་རེད།
ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལ་ཧྥུའུ་ལུའོ་ཧྥུའུ་ཡིས། ང་ཚོས་ཡུག་རེན་དང་ཡོ་རོབ། ད་དུང་ལྷག་བསམ་གྱི་དགོངས་ཚུལ་བཟུང་ནས་ཞི་བདེ་མངོན་འགྱུར་ཡོང་བར་རོགས་རམ་བྱེད་འདོད་པའི་འཐུས་ཚབ་གང་རུང་དང་གྲོས་མོལ་བྱ་རྒྱུའི་གྲ་སྒྲིག་བྱས་ཟིན། འོན་ཀྱང་གྲོས་མོལ་དེ་དག་ལ་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གྱིས་དང་ལེན་བྱེད་ཐུབ་པའི་ཏན་ཏིག་དང་ཡུན་རིང་གི་འབྲས་བུ་བྱུང་ཚེ།ང་ཚོས་ད་གཟོད་དམག་དོན་བྱ་སྤྱོད་སྤེལ་མཚམས་འཇོག་སྲིད་ཅེས་བརྗོད་པ་རེད།
གཞན་ཡང་ཚེས་24ཉིན་ཨུ་རུ་སུའི་ཐ་སི་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ལ་ཧྥུའུ་ལུའོ་ཧྥུའུ་ཡིས་ད་དུང་ཡུག་རེན་བྱང་ཆིངས་སྒྲིག་འཛུགས་ནང་མི་ཞུགས་རྒྱུའི་ཐད་ངེས་པར་དུ་ཁ་གསལ་དང་བློས་འགེལ་ཆོག་པའི་གྲོས་མཐུན་འཇོག་དགོས་ཞེས་བཤད་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག གཡུ་སྒྲོན།
སྒྲིག་སྒྱུར། ཚེ་རྡོར།