▶ཙེ་ལན་སི་ཅིས་ཨ་རིར་གྲོས་མཐུན་འདིར་མིང་རྟཊ་འགོད་འཆར་འདུག
ས་གནས་དེ་གའི་དུས་ཚོད་ཚེས་26ཉིན། ཡུག་རེན་གྱི་ཙུང་ལི་ཧྲེན་མེ་ཀའར་ཡིས། ཡུག་རེན་སྲིད་གཞུང་གིས་ཡུན་རེན་དང་ཨ་རི་གཉིས་ཀྱིས་མཉམ་དུ་ཡུག་རེན་གྱི་གཏེར་ཁའི་ཐོན་རྫས་སྔོག་འདོན་བྱེད་པའི་གྲོས་མཐུན་གྱི་མཐའ་མའི་པར་གཞིར་ཆོག་མཆན་བཀོད་ཡོད་ཅེས་བསྟན་འདུག ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཡིས་ཙེ་ལན་སི་ཅི་ཡིས་ཚེས་28ཉིན་ཨ་རིར་མཚམས་འདྲི་བྱེད་རིང་གྲོས་མཐུན་དེར་མིང་རྟགས་འགོད་རྒྱུ་རེད་ཅེས་བསྟན།
ཡུག་རེན་གྱི་ཙུང་ལི་ཡིས་ཡུག་རེན་སྲིད་གཞུང་གིས་ཨ་རི་དང་གཏེར་ཁའི་ཐོན་རྫས་ཀྱི་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་འགོད་རྒྱུའི་ཆོག་མཆན་སྤྲད་ཡོད་ཅེས་བརྗོད།
ཡུག་རེན་གྱི་ཙུང་ལི་ཧྲེན་མེ་ཀའར་གྱིས་ས་གནས་དེ་གའི་དུས་ཚོད་ཚེས་26ཉིན། ཡུག་རེན་སྲིད་གཞུང་གིས་ཉིན་དེར་ཆོག་མཆན་བཀོད་པའི་ཡུག་རེན་དང་ཨ་རིའི་གཏེར་ཁའི་ཐོན་རྫས་གྲོས་མཐུན་ནང་ལངས་ཕྱོགས་གལ་ཆེན་དྲུག་འདུས་ཞེས་བསྟན་འདུག
ཡུག་རེན་དང་ཨ་རི་ཡིས་བསྐྱར་འཛུགས་མ་འཇོག་ཐེབས་རྩ་ཞིག་གསར་འཛུགས་བྱ་རྒྱུ་ཡིན་པ་དང་། ཐེབས་རྩ་དེ་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་ལ་ལྷན་དུ་དབང་ཞིང་ལྷན་དུ་དོ་དམ་བྱ་རྒྱུ།
ཡུག་རེན་གྱི་ས་འོག་གཏེར་ཁའི་ཐོན་ཁུངས་དང་རང་བྱུང་ཐོན་ཁུངས་སྔར་བཞིན་ཡུག་རེན་ལ་དབང་ཞིང་། ཨ་རིའམ་རྒྱལ་ཁབ་གཞན་གང་ཞིག་ལའང་སྤོ་སྒྱུར་བྱ་རྒྱུ་མིན་པ།
ཡུག་རེན་གྱིས་རང་རྒྱལ་ཁབ་ཀྱི་རང་བྱུང་ཐོན་ཁུངས་ནོར་རྫས་ཀྱི་མ་འོངས་པའི་ཡོང་འབབ་ཀྱི་50% ཐེབས་རྩ་དེའི་ནང་མ་འཇོག་བྱ་རྒྱུ།
ཨ་རིས་མ་དངུལ་དང་དངུལ་རྩའི་ཡོ་བྱད།དེ་མིན་ཡུག་རེན་བསྐྱར་བསྐྲུན་ཐད་གལ་འགངས་ཆེ་བའི་མ་དངུལ་རྣམ་པ་གཞན་བཅས་ཀྱི་ཐོག་ནས་ཐེབས་རྩ་དེར་རོགས་སྐྱོར་ཞལ་འདེབས་མཁོ་སྤྲོད་བྱ་རྒྱུ།
ཐེབས་རྩ་དེས་གྲབས་གསོག་བྱེད་པའི་མ་དངུལ་ཆེད་དུ་ཡུག་རེན་བསྐྱར་བསྐྲུན་རྣམ་གྲངས་སུ་མ་འཇོག་བྱ་རྒྱུ།
གྲོས་མཐུན་དེས་ཡུག་རེན་གྱི་ཡོ་རོབ་གཞི་གཅིག་ཅན་གྱི་འཕེལ་རིམ་སྒྲོམ་གཞིའི་ནང་གི་འོས་འགན་ལ་བསམ་བློ་བཏང་ཡོད་པས། ཡུག་རེན་གྱི་ཡོ་རོབ་གཞི་གཅིག་ཅན་གྱི་འོས་འགན་དང་ཕན་ཚུན་འགལ་ཟླར་གྱུར་བའམ་གཅིག་མཐུན་མིན་པའི་གནས་ཚུལ་འབྱུང་མི་སྲིད།
ཙེ་ལན་སི་ཅི་ཡིས་ཡུག་རེན་དང་ཨ་རིའི་གཏེར་ཁའི་ཐོན་རྫས་གྲོས་མཐུན་གྱི་མཇུག་མཐའི་པར་གཞི་དེ་ཡུག་རེན་གྱི་བུ་ལོན་གནད་དོན་དང་འབྲེལ་བ་གང་ཡང་མེད་ཅེས་བརྗོད།
ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཡིས་ཚེས་26ཉིན་གྱི་སྔ་ཙམ་གྱི་དུས་སུ། ཨ་རིའི་བར་གྱི་གཏེར་ཁའི་ཐོན་རྫས་གྲོས་མཐུན་ནི་སྒྲོམ་གཞིའི་གྲོས་མཐུན་ཞིག་ཡིན་ཞིང་། ཡུག་རེན་དང་ཨ་རིས་ཐོག་མར་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་འགོད་རྒྱུ་དང་། དེ་ནས་ཕྱོགས་གཉིས་པོས་མཉམ་འབྲེལ་མ་འཇོག་ཐེབས་རྩ་འཛུགས་རྒྱུའི་ཐད་གྲོས་མཐུན་འཇོག་རྒྱུ་མ་ཟད། གྲོས་མཐུན་དེར་ཡུག་རེན་གྲོས་ཚོགས་ཁང་གིས་ཆོག་མཆན་འགོད་དགོས། མིག་སྔར་མཉམ་འབྲེལ་མ་འཇོག་ཐེབས་རྩའི་གྲོས་མཐུན་ད་དུང་གཏན་འབེབས་བྱས་མེད་པ་དང་། གོམ་སྟབས་རྗེས་མའི་ལས་ཀ་སྔར་ལས་རྙོག་འཛིང་ཆེ་ཞིང་དཀའ་ངལ་ལྡན་ཞེས་བརྗོད་ཡོད།
ཙེ་ལན་སི་ཅི་ཡིས། གཏེར་ཁའི་ཐོན་རྫས་གྲོས་མཐུན་ནི་དཔལ་འབྱོར་གྲོས་མཐུན་ཞིག་ཡིན་མོད། འོན་ཀྱང་ཁོང་གིས་གྲོས་མཐུན་དེར་“བསམ་ཤེས”ཀྱི་ནང་དོན་དོན་ཚན་ཞིག་མ་མཐའ་ཡང་ཚང་དགོས་པའི་རེ་བ་འདོན་བཞིན་ཡོད་ལ། ཡུག་རེན་ཕྱོགས་ཀྱིས་གྲོས་མཐུན་དེ་མ་འོངས་པའི་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཆ་ཤས་ཤིག་ཏུ་རྩི་བཞིན་ཡོད། ཡུག་རེན་ཕྱོགས་ཀྱི་བླང་བྱ་དེ་མཐར་གྲོས་མཐུན་གྱི་དོན་ཚན་10པའི་ཁྲོད་མངོན་རྒྱུ་རེད་ཅེས་བསྟན།
ཡུག་རེན་སྨྱན་སྦྱོར་གྱིས་ཁྱབ་བསྒྲགས་བྱས་པའི་གྲོས་མཐུན་ཡི་གེར་གཞིགས་ན། གྲོས་མཐུན་གྱི་དོན་ཚན་10པའི་ནང་། “ཨ་རིས་ཡུག་རེན་གྱིས་ཡུན་རིང་ཞི་བདེ་འཛུགས་རྒྱུར་ངེས་པར་དུ་མཁོ་བའི་བདེ་འཇགས་འགན་སྲུང་ཐོབ་ཆེད་བྱས་པའི་འབད་བརྩོན་ལ་རྒྱབ་སྐྱོར་བྱེད་པ”ཞེས་པ་བཏོན་ཡོད། ཙེ་ལན་སི་ཅི་ཡིས་ད་དུང་། གྲོས་མཐུན་ནང་ཨ་རིས་དེ་སྔོན་ཡུག་རེན་ལ་སྤྲོད་དུ་བཅུག་པའི་ཨ་སྒོར་དུང་ཕྱུར་5000དང་། ཨ་སྒོར་དུང་ཕྱུར་3500 ཨ་སྒོར་དུང་ཕྱུར་1000བཅས་ཀྱི་བུ་ལོན་ཚུད་མེད་ཅེས་ནན་སྟོན་བྱས་ཡོད།
དེ་ལས་གཞན་ཙེ་ལན་སི་ཅི་ཡིས་ཁོང་ལ་ཚེས་28ཉིན་ཨ་རིར་འཚམས་འདྲིར་སྐྱོད་པའི་གདན་ཞུ་འབྱོར་བ་དང་། ཞིབ་ཕྲའི་བཀོད་སྒྲིག་ད་དུང་གཏན་འཁེལ་བྱས་མེད།ཕྱོགས་གཉིས་པོས་དོན་དེར་གྲོས་མོལ་བྱེད་བཞིན་ཡོད་ཅེས་བརྗོད།
ཐེ་རོན་ཕུ་ཡིས་ཡུག་རེན་གྱིས་བྱང་ཆིངས་ནང་ཞུགས་རྒྱུ་བརྗེད་དུ་འཇུག་ཆོག་ཅེས་བཤད།
ས་གནས་དེ་གའི་དུས་ཚོད་ཚེས་26ཉིན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཡིས། ཡུག་རེན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཚེས་28ཉིན་ཨ་རིའི་རྒྱལ་ས་ཝ་ཧྲིན་ཏོན་དམིགས་བསལ་ཁུལ་དུ་འཚམས་འདྲི་བྱ་རྒྱུ་ཡིན་ཞིང་། ཨ་རི་དང་ཡུག་རེན་གཉིས་ཀྱིས་ཞི་ཐུའུ་སོགས་དང་འབྲེལ་བའི་གྲོས་མཐུན་ལ་མིང་རྟགས་འགོད་རྒྱུ་ཡིན་ཞེས་བསྟན། ཐེ་རོན་ཕུ་ཡིས་ང་ཚོས་ང་ཚོའི་དངུལ་ཚུར་ལེན་རྒྱུ་ཡིན་ཞེས་བརྗོད།
ཆེད་མཁས་པས། ཨ་རི་དང་ཡུག་རེན་གཉིས་ཀྱིས་གཏེར་ཁའི་ཐོན་རྫས་གྲོས་མཐུམ་ལ་གྲོས་འཆམ་བྱུང་བ་དེ། ཕྱི་ཚུལ་ནས་བསམ་ཤེས་བྱས་པ་དང་འདྲ་མོད། དོན་དམ་པར་བཙན་འཕྲོག་བྱས་པ་རེད་ཅེས་བསྟན་འདུག
ཨ་རི་དང་ཡུག་རེན་གྱི་གཏེར་ཁའི་ཐོན་རྫས་གྲོན་མཐུན་གྱི་མཐའ་མའི་པར་གཞིའི་དོན་ཚན་དང་དེ་སྔོན་སྨྱན་སྦྱོར་གྱིས་སྤེལ་བའི་ནང་དོན་དང་བསྡུར་ན་འགྱུར་ལྡོག་གང་དག་ཡོད་དམ། གྲོས་མཐུན་གྱིས་ཨ་རི་དང་ཡུག་རེན་ཕྱོགས་གཉིས་ཀྱི་བསམ་བློ་གཏོང་ཕྱོགས་གང་འདྲ་ཕྱིར་མངོན་ཡོད་དམ།
ཀྲུང་གོ་དེང་རབས་རྒྱལ་སྤྱིའི་འབྲེལ་བའི་ཞིབ་འཇུག་གླིང་ཡོ་རོབ་དང་ཨ་ཤེ་ཡ་སའོ་ཡི་སའོ་ཀྲང་ཁྲེན་ཡུས་ཀྱིས། སྨྱན་སྦྱོར་གྱིས་སྤེལ་བའི་གནས་ཚུལ་ལྟར་ན། མིག་སྔར། གྲོས་མཐུན་འདི་དང་དེ་སྔོན་གྱི་གྲོས་མཐུན་འཆར་ཟིན་དང་བསྡུར་ན། ཨ་རི་ཕྱོགས་ཀྱིས་ཚིག་སྦྱོར་སོགས་ཐད་ནས་བསམ་ཤེས་ངེས་ཅན་ཞིག་བྱས་ཡོད། སྤྱི་ཡོངས་ནས་བལྟས་ན། ནང་དོན་སྔར་ལས་ལྷོད་ཆ་ལྡན་པས། ཡུག་རེན་ཕྱོགས་ཀྱིས་དང་ལེན་བྱེད་སླ་བ་ཡོད། འོན་ཏེ་དོན་དངོས་ནས་བལྟས་ན། གྲོས་མཐུན་དེ་ཨ་རིས་དེ་སྔོན་རིན་གོང་མཐོན་པོ་བཏོན་པ་དང་བསྡུར་ན་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་མེད་ཅེས་བསྟན།
ཁྲེན་ཡུས་དབྱེ་ཞིབ་གནང་དོན། དོན་དངོས་ནས་བལྟས་ན། གྲོས་མཐུན་དེ་ནི་ཨ་རི་ཕྱོགས་ཀྱིས་མིག་སྔའི་གནས་བབ་དང་བསྟུན་ནས། དཔལ་འབྱོར་ཐད་ནས་ཡུག་རེན་ཚོད་འཛིན་བྱས་ཏེ། ཡུག་རེན་གྱི་གཏེར་ཁའི་ཐོན་ཁུངས་འཕྲོག་ལེན་བྱེད་པའི་བྱ་ཐབས་ཤིག་ཡིན། དོན་དམ་པར་ཡུག་རེན་ཉིད་རྩོད་གླེང་དེའི་ཁྲོད་ཉམས་ཞན་གྱི་གནས་སུ་ཡོད་པས། ཨ་རི་དང་འདྲ་མཉམ་ངང་ཁ་གཏད་དུ་ལངས་པའི་ཆ་རྐྱེན་གྱིས་མི་འདང་། གནས་བབ་དེ་འདྲའི་འོག གྲོས་མཐུན་དེ་དང་ལེན་མི་བྱེད་ཀ་མེད་བྱུང་ཡོད། ཡུག་རེན་ཕྱོགས་ཀྱིས་གྲོས་མཐུན་དེར་མིང་རྟགས་འགོད་པའི་དམིགས་ཡུལ་ནི་གོ་སྐབས་འདི་དང་བསྟུན་ནས་ཡུག་རེན་དང་ཨ་རིའི་འབྲེལ་བ་སླར་གསོ་བྱས་ནས། མ་འོངས་པར་ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བདེའི་གྲོས་མོལ་ཁྲོད་ཕན་ཡོད་གནས་བབ་བརྩོན་ལེན་བྱ་ཆེད་རེད། དེའང་ཡུག་རེན་གྱིས་གྲོས་མཐུན་དེར་མིང་རྟགས་འགོད་པའི་བསམ་བློ་གཏོང་ཡུལ་གཙོ་བོ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག གཡུ་སྒྲོན།
སྒྲིག་སྒྱུར། རིན་ཆེན་འཚོ།