▶ཨུ་ཡུག་གདོང་ཐུག་སྐོར་གྱི་གནས་ཚུལ།
ཨུ་རུ་སུའི་དམག་གིས་ཡུག་རེན་དམག་གི་བཀོད་འདོམས་དམག་དཔོན་འདུ་འཛོམས་བྱེད་ཡུལ་དུ་རྡུང་རྡེག་བཏང་ཡོད་ཅེས་བརྗོད་པ་དང་། ཡུག་རེན་དམག་གིས་རྒྱང་འཕེན་མཚོན་ཆ་གསར་པ་སྒྲིག་སྦྱོར་བྱ་རྒྱུ་ཡིན་ཞེས་བརྗོད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེས་ཨུ་ཡུག་གདོང་ཐུག་ཐོན་ནས་ལོ་གསུམ་སོང་བར་གསལ་བསྒྲགས་སྤེལ་ཏེ་ཕྱོགས་ཡོངས་ནས་ཞི་བདེ་ཡོང་བའི་རེ་འབོད་བྱས་པ།
སྤྱི་ཚེས་23ཉིན་ཨུ་རུ་སུའི་རྒྱལ་སྲུང་པུས་འདས་ཟིན་པའི་ཉིན་གཅིག་རིང་། ཨུ་རུ་སུའི་དམག་དཔུང་གིས་ཏུན་ཉི་ཚི་ཁེ་དང་ཧེར་སུང་སོགས་ས་ཁུལ་དུ་ཡུག་རེན་དམག་ཕྱིར་ཟློག་བྱས་པ་མ་ཟད་ཕར་རྒོལ་ཡང་བྱས་ནས་ཡུག་རེན་དམག་གི་ཐན་ཁེ་དང་ཁྲབ་ལྡན་འཁོར་ལོ་སོགས་ཀྱི་སྒྲིག་ཆས་འབོར་ཆེན་དང་། གློག་རྡུལ་དམག་འཐབ་ཀྱི་རྨང་གཞིའི་ས་ཚིགས་དང་མདེལ་རྫས་མཛོད་ཁང་ཁ་ཤས་སོགས་རྩ་གཏོར་བཏང་ཡོད། གཞན་ཡང་ཨུ་རུ་སུའི་དམག་དཔུང་གིས་ད་དུང་ཡུག་རེན་དམག་གི་བཀོད་འདོམས་དམག་དཔོན་འདུ་འཛོམས་བྱེད་ཡུལ་དང་། དམག་དོན་གནམ་གྲུ་ཐང་གི་རྨང་གཞིའི་སྒྲིག་བཀོད། འབར་རྫས་གསོག་ཉར་སྒྲིག་བཀོད་སོགས་ལ་རྡུང་རྡེག་བཏང་ཡོད་པ་བརྗོད་ཡོད།
ཡུག་རེན་ཕྱོགས་ཀྱིས་སྤྱི་ཚེས་23ཉིན། ཡུག་རེན་དམག་གིས་པོ་ཁེ་ལུའོ་ཧྥུ་སི་ཁེ་ཕྱོགས་དང་ཁུའར་སི་ཁེ་ཕྱོགས་སུ་ཨུ་རུ་སུའི་དམག་དཔུང་གི་ཚུར་རྒོལ་ཐེངས་མང་ཕྱིར་ཟློག་བྱས་ཡོད་ཅེས་བརྗོད་ཡོད། ཡུག་རེན་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་སི་ཨེར་སི་ཅིས་ཡུག་རེན་ཕྱོགས་ཀྱིས་རྒྱང་འཕེན་མཚོན་ཆ་གསར་པ་སྒྲིག་སྦྱོར་བྱ་རྩིས་ཡོད་པ་དང་། ཨུ་རུ་སུའི་མངའ་ཁོངས་ནང་གི་སྤྱི་ལེ་1700ཡི་སར་ཡོད་པའི་དམིགས་འབེན་ལ་ཕར་རྒོལ་བྱ་ཆོག་པ་མ་ཟད། རྡུང་རྡེག་གཏོང་ཐུབ་པའི་བར་ཐག་ཀྱང་རྒྱུན་ཆད་མེད་པར་རིང་དུ་འགྲོ་བཞིན་ཡོད་ཅེས་བསྟན་ཡོད།
ཡུག་རེན་གྱི་ཙུང་ཐུང་ཙེ་ལེན་སི་ཅིས་སྤྱི་ཚེས་23ཉིན། གལ་ཏེ་ཡུག་རེན་བྱང་ཆིངས་སྒྲིག་འཛུགས་ནང་ཞུགས་ཐུབ་པའམ་ཡང་ན་ཞི་བདེ་མངོན་འགྱུར་ཡོང་ཐུབ་པ་དང་། གལ་ཏེ་ཡུག་རེན་གྱི་མི་དམངས་ལ་རང་ཉིད་ལས་གནས་ནས་ཁ་བྲལ་བའི་དགོས་པ་དངོས་ཡོད་ན། རང་ཉིད་ནས་འཕྲལ་མར་ལས་གནས་ལས་དགོངས་ཞུ་བྱེད་ཆོག་ཅེས་བརྗོད་ཡོད།
ཙེ་ལེན་སི་ཅིས་ཉིན་དེར་གསར་འགོད་པའི་ཚོགས་འདུའི་ཐོག རྒྱལ་ཁབ་37གྱི་འགོ་ཁྲིད་སྤྱི་ཚེས་24ཉིན་ཡུག་རེན་གྱི་རྒྱལ་ས་ཅི་ཧྥུ་རུ་འཚོག་རྒྱུའི"ཡུག་རེན་དང་ཡོ་རོབ་བྱང་མ། པོ་ལུའོ་ཏེ་རྒྱ་མཚོའི་ལས་སྟེགས"ཀྱི་དབུ་ཚོགས་ལ་ཞུགས་རྒྱུ་ཡིན་པ་དང་། དེའི་ནང་རྒྱལ་ཁབ་13གྱི་འགོ་ཁྲིད་ཚོགས་ར་དངོས་སུ་ཞུགས་རྒྱུ་དང་རྒྱལ་ཁབ་24ཡི་འགོ་ཁྲིད་དྲ་ཐོག་ནས་ཚོགས་འདུར་ཞུགས་རྒྱུ་རེད། ཙེ་ལེན་སི་ཅིས་སྐབས་དེར་ཡོ་རོབ་གླིང་གི་རོགས་ཟླས་མྱུར་དུ་ཡུག་རེན་གྱི་བདེ་འཇགས་འགན་སྲུང་གནད་དོན་ཐད་ཟུར་དུ་གྲོས་ཚོགས་འཚོག་པའི་གྲོས་གཞི་འདོན་རྒྱུ་ཡིན་ཞེས་བསྟན་ཡོད།
ཙེ་ལེན་སི་ཅིས་ད་དུང་། ཡུག་རེན་ཕྱོགས་ཀྱིས་ཨ་རིའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་ཧྭ་ཨེར་ཙེས་འགོ་ཁྲིད་པའི་ཚོགས་པ་དང་གཏེར་ཁའི་ཐོན་ཁུངས་ཀྱི་གྲོས་མཐུན་བརྗེད་ཐོར་མིང་རྟགས་འགོད་པའི་སྐོར་ལ་གྲོས་མོལ་བྱེད་བཞིན་ཡོད་པ་དང་། འབྲེལ་ཡོད་ནང་དོན་ད་དུང་གཏན་འཁེལ་བྱུང་མེད་ཅེས་བརྗོད་ཡོད།
ཐ་སི་གསར་འགྱུར་ཁང་གིས་སྤྱི་ཚེས་23ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁོ་ཧྥུས། ཨུ་རུ་སུ་ཕྱོགས་ཀྱིས་གྲོས་མོལ་ལ་བརྟེན་ནས་ཡུག་རེན་གྱི་གནད་དོན་ཐག་གཅོད་བྱ་རྒྱུར་སྔར་བཞིན་སྒོ་དབྱེའི་རྣམ་འགྱུར་འཛིན་གྱི་ཡོད་ཅེས་བཤད་ཡོད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལི་སིས་སྤྱི་ཚེས་23ཉིན་གསལ་བསྒྲགས་སྤེལ་ཏེ། སྤྱི་ཟླ་2ཚེས་24ཉིན་ནི་ཨུ་ཡུག་གདོང་ཐུག་ཐོན་ནས་ལོ་གསུམ་ཕྱིན་པའི་ཉིན་མོ་ཡིན་པ་མཚོན་གྱི་ཡོད། རང་ཉིད་ནས་སླར་ཡང་དྲང་བདེན་དང་རྒྱུན་མཐུད་རུང་བ། ཕྱོགས་ཡོངས་ཞི་བདེ་མངོན་འགྱུར་ཡོང་བ་བཅས་ཀྱི་ཁ་ཚ་དགོས་གཏུག་རང་བཞིན་བསྐྱར་བསྒྲགས་བྱ་རྒྱུ་དང་། མཉམ་འབྲེལ་རྒྱལ་ཚོགས་ནས་དུས་དང་རྣམ་པ་ཀུན་ཏུ་དེ་དག་ཐད་འབད་བརྩོན་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག ཟླ་བ་ཚེ་རིང་།
སྒྲིག་སྒྱུར། བདེ་ལྷ་མོ།