▶ཡུག་རེན་གྱིས་ཤོག་པང་མི་མེད་གནམ་གྲུས་འཇབ་རྒོལ་བྱས་འདུག
ཉེ་ཆར། ཡུག་རེན་རྒྱལ་ཁབ་བདེ་འཇགས་ཅུས་ཀྱིས་ཕྱི་ཕྱོགས་ལ་མཁའ་རྒོལ་བྱ་སྤྱོད་སྤེལ་རིང་ཡུག་རེན་ཕྱོགས་ཀྱིས་ཕ་རོལ་པོའི་སྒྲིག་ཆས་ཁག་གཅིག་མེད་པར་བཟོས་པའི་ནང་དམག་འཐབ་གནམ་གྲུ་དང་། མཁའ་ཟོན་མ་ལག དེ་བཞིན་ཉེན་ཟོན་ལེ་ཏ་བཅས་ཚུད་ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད།
གོ་ཐོས་སུ་ཡུག་རེན་དམག་གིས་ད་ཐེངས་ཀྱི་བྱ་སྤྱོད་ཁྲོད་གསང་བའི་མཚོན་ཆ་ཞིག་སྤྱད་པ་དེ་ནི་2023ལོའི་ཟླ་3པར་ཨོ་སི་ཁྲུ་ལི་ཡས་ཡུག་རེན་ལ་མཁོ་འདོན་བྱས་པའི་ཤོག་པང་མི་མེད་གནམ་གྲུ་ཞེས་པ་དེ་རེད།
ཕྱིའི་རྣམ་པ་ནི་གནམ་གྲུའི་དཔེ་དབྱིབས་དང་འདྲ་བའི་ཤོག་པང་མི་མེད་གནམ་གྲུ་དེ་རིགས་ལ་དགེ་མཚན་གང་དག་ལྡན་ཡོད་དམ། གློ་བུར་འཇབ་རྒོལ་ཁྲོད་གྲུབ་འབྲས་ཐོབ་སྲིད་དམ།
ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གོ་ལ་ཧྲིལ་པོའི་ཆ་འཕྲིན་རླུང་འཕྲིན་གྱི་དམག་དོན་དཔྱད་གཏམ་མཁན་ཝུའེ་ཏུང་ཤུས་ཀྱིས། ཤོག་པང་མི་མེད་གནམ་གྲུའི་མ་རྩ་དམའ་ལ་བེད་སྤྱོད་སྟབས་བདེ་ཡིན་པས་ཡུག་རེན་གྱིས་དེ་སྒྱུར་བཀོད་བྱས་རྗེས་ཕར་རྒོལ་བྱེད་པའི་མཚོན་ཆ་ཞིག་ཏུ་བརྩིས་ནས་སྤྱོད་ཀྱི་ཡོད།
ཨ་རིའི་ཁ་བརྡ་ཞེས་པའི་དྲ་བས་སྤེལ་བའི་གསར་འགྱུར་གྱི་བཅད་པར།
ཤོག་པང་མི་མེད་གནམ་གྲུ་ནི་བཀོལ་སྤྱོད་ཐད་ནས་ཅུང་སྟབས་བདེ་ཡིན་པར་མ་ཟད།མ་རྩ་ཧ་ཅང་དམའ་བ་རེད།དེའི་རྩ་བའི་རིགས་པ་ནི་སྟབས་བདེའི་གྲུ་གཟིངས་དཔེ་དབྱིབས་དང་འདྲ་བར།པྲ་ཚིལ་བྱུགས་པའི་མཁྲེགས་ཤོག་གིས་འཕྲུལ་ཆས་ཀྱི་ངོས་དང་གཤོག་པ་བཟོས་པ་དང་། ནང་ཁུལ་དུ་སྤོས་འགྱིག་སྒྲོམ་གཞི་ཡིས་འདེགས་སྐྱོར་བྱས་ཤིང་།དེ་ནས་འགྱིག་སྐུད་ཀྱིས་གཏན་འཁེལ་བྱས་པ་དང་།སྒུལ་ཤུགས་མ་ལག་ལ་གློག་སྒུལ་འཕྲུལ་ཆས་ཆུང་གྲས་སྤྱོད་ཀྱི་ཡོད།
ཨོ་སི་ཁྲུ་ལི་ཡའི་ཀུང་སིས་ཤོག་པང་མི་མེད་གནམ་གྲུ་ཞིབ་བཟོ་བྱས་པ་དེ་གཙོ་བོ་བར་ཐག་ཐུང་ངུའི་སྐྱེལ་འདྲེན་ཡོ་བྱད་དུ་སྤྱོད་ཀྱི་ཡོད།དཔེར་ན་གཡུལ་སའི་དམག་འཐབ་དམག་དཔུང་ལ་རྫས་མདེལ་དང་དངོས་རྫས་སྐྱེལ་འདྲེན་བྱས་ཆོག་པ་ལྟ་བུ་རེད།ཤོག་པང་མི་མེད་གནམ་གྲུ་སྐམ་སར་བབས་རྗེས་བེད་སྤྱོད་གཏོང་མི་ཐུབ་པ་དང་།དེ་ནི་ཐེངས་གཅིག་རང་བཞིན་གྱི་ཟད་གྲོན་དངོས་རྫས་ཀྱི་ཁོངས་སུ་གཏོགས་ཀྱི་ཡོད།
ཨོ་སི་ཁྲི་ལི་ཡའི་རླུང་འཕྲིན་ཀུང་སིས་སྤེལ་བའི་གསར་འགྱུར་གྱི་བཅད་པར།
ཡུག་རེན་ཕྱོགས་ཀྱིས་ཤོག་པང་མི་མེད་གནམ་གྲུ་དེ་མྱུལ་ཞིབ་མི་མེད་གནམ་གྲུ་དང་རང་གཏོར་རང་བཞིན་གྱི་མི་མེད་གནམ་གྲུར་སྒྱུར་བཀོད་བྱེད་ཀྱི་ཡོད་ཅིང་། འཐབ་འཛིང་གི་སྡེ་ཁག་ཁ་ཤས་སུ་ཁ་སྣོན་བྱས་པ་བརྒྱུད་ནས།ཐད་ཀར་དམིགས་འབེན་ལ་དམིགས་ཏེ་ཕར་རྒོལ་བྱེད་ཆོག
ཝུའེ་ཏུང་ཤུས་ཀྱིས་སྲོལ་རྒྱུན་གྱི་དམག་སྤྱོད་མཁའ་ཟོན་མ་ལག་དང་ཉེན་ཟོན་ཉེན་བརྡའི་མ་ལག་གིས་ཤོག་པང་མི་མེད་གནམ་གྲུ་འཚོལ་ཞིབ་བྱ་རྒྱུར་དཀའ་གནད་ཧ་ཅང་ཆེན་པོ་ཡོད་པས་དམིགས་སའི་རང་བཞིན་གྱི་བཙལ་འཚོལ་མ་ལག་དང་བཀག་འགོག་བྱ་ཐབས་བརྒྱུད་ཁ་གཏད་གཅོག་ཆོག་ཅེས་བཤད་པ་རེད།
ཨ་རིའི་ཚོང་ལས་ནང་གཏམ་ཞེས་པའི་དྲ་བས་སྤེལ་བའི་གསར་འགྱུར་གྱི་བཅད་པར།
ཐོག་མར། དེའི་གྲུབ་ཆ་གཙོ་བོ་ནི་ཤོག་པང་ཡིན། ལེ་ཏ་རླབས་ཀྱིས་བརྒྱབ་ན་ཕུགས་ནས་འགྲོ་ཞིང་ལྡོག་རླབས་འབྱུང་མི་སྲིད། སྤྱིར་བཏང་དུ་མཁའ་དབྱིངས་འཚོལ་ཞིབ་ལེ་ཏ་དང་ཉེན་ཟོན་ལེ་ཏ་ཡིས་གནས་ཐིག་གཏན་འཁེལ་དང་རྒྱུན་མཐུད་རང་བཞིན་གྱི་རྗེས་འདེད་བྱེད་ཐབས་མེད།
དེ་མིན་དམར་ཕྱིའི་བཤེར་འཚོལ་མ་ལག་གིས་ཀྱང་དེའི་གནས་ཐིག་གཏན་འཁེལ་བྱེད་ཐབས་མེད། རྒྱུ་མཚན་ནི་དེས་གཞི་རྩའི་ཆ་ནས་ཚ་བའི་བརྡ་རྟགས་གཏོང་མི་སྲིད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག གངས་ཕྲུག་བློ་རྒྱ།
ཡིག་སྒྱུར། སྒྲོལ་མ་མཚོ།