དོན་འདིར་ལྗར་པན་མང་ཚོགས་ནས་ཞུ་གཏུག་བྱེད་འཆར་འདུག
ལྗར་པན་གྱི་མང་ཚོགས་བརྒྱ་ལྷག་ཙམ་གྱིས་གཟའ་འཁོར་འདིར་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ་ནས་ཧྥུའུ་ཏའོ་ཉིང་རྡུལ་གློག་ཁང་དང་པོའི་ཉིང་རྡུལ་བཙོག་ཆུ་ཕྱིར་འབུད་བྱེད་མཚམས་འཇོག་རྒྱུའི་རེ་བ་འདོན་འཆར་ཡོད་པ་རེད།
ཧྥ་རན་སིའི་གསར་འགྱུར་ཁང་གིས་སྤྱི་ཟླ་9པའི་ཚེས་4ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཞུ་སྦྱོར་སྔ་མར་མི་100ལྷག་ཙམ་ཡོད་པའི་ནང་ཧྥུའུ་ཏའོ་དང་དེ་བཞིན་མཐའ་འཁོར་ས་ཁུལ་གྱི་ཉ་པ་དག་ཀྱང་ཚུད་ཡོད་པ་རེད། ཁོང་ཚོས་འདི་ཟླའི་ཚེས་8ཉིན་ཧྥུའུ་ཏའོ་ས་གནས་ཁྲིམས་ཁང་ལ་ཞུ་གཏུག་བྱེད་འཆར་ཡོད་པ་རེད།
ཞུ་སྦྱོར་སྔ་མས་ལྗར་པན་སྲིད་གཞུང་གིས་ཉིང་རྡུལ་གྱི་བཙོག་ཆུ་ཕྱིར་འབུད་གཏོང་བའི་གཏན་འབེབས་མ་བྱས་གོང་རྒྱལ་ཁབ་དེ་གའི་ཉ་པ་དག་གི་མོས་མཐུན་བསྡུ་ལེན་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་མོད། འོན་ཀྱང་སྔ་མའི་ཁས་ལེན་ལས་འགལ་ནས་ཧྥུའུ་ཏའོ་གླིང་ཕྲན་དང་དེ་བཞིན་ལྗར་པན་རྒྱལ་ཡོངས་ཉ་ལས་རྩ་འཛུགས་ཀྱི་ངོ་རྒོལ་ཆེན་པོ་བྱས་པ་དག་སྣང་མེད་དུ་བཞག་ནས་ནོར་འཁྲུལ་གྱི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་ཅེས་བཤད་ཡོད།
ཞུ་སྦྱོར་སྔ་མས་ཉིང་རྡུལ་བཙོག་ཆུ་ཕྱིར་གཏོང་དོན་རྐྱེན་གྱིས་གནོད་འཚེ་ཕོག་མཁན་ལ་སྔར་བས་མང་བའི་སྡུག་བསྔལ་ཆེ་རུ་གཏོང་གི་ཡོད་པས་ནམ་ཡང་ཆོག་མཆན་སྤྲོད་མི་རུང་ཞེས་གསལ་བསྒྲགས་བྱས་ཡོད།
ལྗར་པན་གྱིས་རང་གི་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོ་རྒོལ་ཤུགས་ཆེན་བྱས་པར་མ་འཛེམས་པར་སྤྱི་ཟླ་8པའི་ཚེས་24ཉིན་ཧྥུའུ་ཏའོ་ཉིང་རྡུལ་གློག་ཁང་དང་པོའི་ཉིང་རྡུལ་བཙོག་ཆུ་མཚོ་འབུད་འགོ་བཙུགས་པ་དང་། བཙོག་འབུད་བརྒྱུད་རིམ་ལོ་20ནས་30བར་རྒྱུན་མཐུད་བྱེད་སྲིད་ཅེས་བཤད་ཡོད། ལྗར་པན་ཐུན་མོང་གསར་འགྱུར་ཁང་གི་དམངས་འདོད་བརྟག་དཔྱད་ཀྱི་འབྲས་བུ་ཞིག་ལས་མངོན་པ་ལྟར་ན། ལྗར་པན་གྱི་བཅར་འདྲི་དང་ལེན་བྱེད་མཁན་བཅུ་ཆ་བརྒྱད་ལྷག་ཙམ་གྱིས་ལྗར་པན་སྲིད་གཞུང་གི་ཉིང་རྡུལ་བཙོག་ཆུའི་སྐོར་གྱི་གསལ་བཤད་དེ་འཐུས་ཚང་མིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག ཚེ་ཕུན།
ཡིག་སྒྱུར། སྒྲོལ་མ་མཚོ།