མཁའ་ཐོག་གོད་ཆག་བྱུང་ནས་ཉིན་40སོང་རྗེས་བྱིས་པ་4བསྐྱབས་པ།
ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་6པའི་ཚེས་9ཉིན་གྱི་ས་སྲོད་མཚམས་སུ་ཁོ་ལོམ་པི་ཡའི་ཙུང་ཐུང་ཕེ་ཐེ་ལུའོ་ཡིས་མི་སྒེར་གྱི་སྤྱི་འབྲེལ་དྲ་བ་བརྒྱུད་དེ་ཉིན་40ཡི་རིང་འཚོལ་སྐྱོབ་བྱས་པ་བརྒྱུད་དེ་སྔོན་གནམ་གྲུའི་དོན་རྐྱེན་ཁྲོད་ནགས་ཚལ་ནང་ལུས་པའི་ཡུལ་མི་4བསྐྱབས་ཐུབ་པ་ར་སྤྲོད་བྱས་ཡོད། ཁོང་གིས་དེ་དང་ཆབས་ཅིག་འཚོལ་སྐྱོབ་དམག་མིས་མཁོ་འདོན་བྱས་པའི་གར་སོང་ཆ་མེད་དུ་གྱུར་བའི་བྱིས་པ་རྣམས་ཀྱི་འདྲ་པར་གསར་ཤོས་ཁྱབ་བསྒྲགས་བྱས་ཡོད།

གནམ་གྲུའི་དོན་རྐྱེན་ཁྲོད་ནས་བྱིས་པ་བཞི་སྟབས་ལེགས་ཏེ་སྲོག་ཉེན་ལས་ཐར་ཞིང་། རྒྱལ་ཁབ་ཧྲིལ་པོ་དགའ་སྤྲོས་ཁེངས།
ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་5པའི་ཚེས་1ཉིན་མི་བདུན་ཡོད་པའི་སའེ་སི་ན་206རྟགས་ཅན་གྱི་གནམ་གྲུ་ཞིག་རྒྱལ་ཁབ་དེའི་ཡ་མ་སུན་དམིགས་བསལ་ས་ཁུལ་ཨ་ལ་པི་ལ་མངའ་སྡེ་ནས་ཀྭ་ཝུའེ་ཡ་ལུའེ་མངའ་སྡེའི་ཀྭ་ཝུའེ་ཡ་ལུའེ་གཙང་པོའི་འགྲམ་གྱི་ཧྲེང་སའེ་མངའ་སྡེ་རུ་འཕུར་ཞིང་། ལམ་བར་དུ་སྒུལ་བྱེད་འཕྲུལ་འཁོར་ལ་སྐྱོན་ཤོར་ནས་མྱུར་སྐྱོབ་ཉེན་བརྡ་བཏང་བ་རེད།
སྤྱི་ཟླ་5པའི་ཚེས་15དང་16ཉིན་རོགས་སྐྱོབ་མི་སྣས་གནམ་གྲུའི་ཆག་རོ་དང་དེ་བཞིན་དར་མའི་ཕུང་པོ་3རྙེད་ཅིང་། གཅིག་ནི་བྱིས་པ་བཞིའི་ཨ་མ་དང་། གཞན་གཉིས་ནི་སྣེ་ཤན་པ་དང་འཕུར་སྐྱོད་པ་བཅས་ཡིན་པ་རེད།
སྲོག་ཉེན་ལས་ཐར་བའི་བྱིས་པ་4པོ་དེ་དག་ལོ་13དང་། ལོ་9 ལོ་4བཅས་དང་། དེ་བཞིན་སྐྱེས་ནས་ཟླ་བ་11ལས་སོང་མེད་པའི་ཕྲུ་གུ་གཅིག་བཅས་ཡིན་པ་རེད། རོགས་སྐྱོབ་མི་སྣས་དོན་རྐྱེན་བྱུང་རྗེས་ཁོང་ཚོ་ནགས་ཚལ་ཁྲོད་འཁྱམས་ནས་བསྡད་པར་ངོས་འཛིན་བྱས་པ་རེད།

ཕེ་ཐེ་ལུའོ་ཡིས་སྤྱི་ཟླ་6པའི་ཚེས་9ཉིན་སྤྱི་འབྲེལ་དྲ་བའི་ཐོག་རྒྱལ་ཁབ་ཧྲིལ་པོ་དགའ་སྤྲོས་ཁེངས་ཡོད་ཅིང་། ཁོ་ལོམ་པི་ཡའི་ནགས་ཚལ་ཁྲོད་གར་སོང་མེད་པའི་བྱིས་པ་བཞི་པོ་སྲོག་ཉེན་ལས་ཐར་འདུག་ཅེས་སྤེལ་ཡོད།
ཕེ་ཐེ་ལུའོ་ཡིས་སྨྱན་སྦྱོར་གྱི་གསར་འགོད་པར་ཕྲུ་གུ་ཚོ་(རྙེད་པའི་སྐབས་སུ་) མཉམ་དུ་བསྡད་འདུག མིག་སྔར་གཟུགས་པོ་སྐྱོ་ལ་སྨན་པ་ཚོས་དཔྱད་དཔོག་བྱ་རྒྱུར་སྒུག་ནས་བསྡད་ཡོད་ཅེས་དང་། ཁོང་གིས་ཕྲུ་གུ་དེ་དག་ནི་གསོན་པའི་མིག་དཔེ་ཞིག་རེད་ཅེས་བསྔགས་བརྗོད་གནང་བ་དང་ཁོང་ཚོའི་ངོ་མཚར་གཏམ་རྒྱུད་ལོ་རྒྱུས་ཀྱི་དེབ་ཐེར་ནང་འགོད་སྲིད་ཅེས་བརྗོད་པ་རེད།


སྲོག་ཉེན་ལས་ཐར་པའི་བྱིས་པ་4ཡི་མི་རྒྱུད་ལ་ནགས་ཚལ་ཁྲོད་འཚོ་གནས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པ།
བྱིས་པ་བཞི་པོ་དེ་དག་ཁོ་ལོམ་པི་ཡའི་ཡུལ་སྐྱེས་ཁྱིམ་ཚང་ཞིག་ནས་ཡོང་བ་དང་སྨྱན་སྦྱོར་གྱི་ཤོད་སྟངས་ལྟར་ན། བྱིས་པ་བཞི་གཏོགས་པའི་ཝེ་ཐོ་ཐོའི་རིགས་རྒྱུད་དེར་ནགས་ཚལ་ཁྲོད་འཚོ་གནས་ཀྱི་ཉམས་མྱོང་ཅུང་ཕུན་སུམ་ཚོགས་པ་ཡོད་པ་རེད།
ཁོང་ཚོའི་སྤོ་བོ་ཧྥེ་ཏེང་ཤིས་ཨའོ·པ་ལུན་ཤིས་ཡས་སྤྱི་ཟླ་5པའི་ཚེས་19ཉིན་ཧྥ་རན་སིའི་གསར་འགྱུར་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས། ཕྲུ་གུ་ཚོ་ནགས་ཚལ་དང་འཕྲོད་ཅིང་ཕན་ཚུན་ལ་ཧ་ཅང་དགའ་པོ་ཡོད་པས། གསོན་པའི་རེ་བ་ཆེན་པོ་ཡོད་ཅེས་བཤད་པ་རེད། ཁོང་གིས་རོགས་སྐྱོབ་མི་སྣར་རོགས་སྐྱོབ་བྱེད་མཚམས་འཇོག་མི་རུང་། རྒྱུ་མཚན་ནི་ཕྲུ་གུ་ཚོ་ད་དུང་གསོན་ཡོད་ཅེས་འབོད་སྐུལ་གནང་ཡོད་པ་རེད།

དེའི་གོང་གི་སྤྱི་ཟླ་5པའི་ཚེས་17ཉིན། ཁོ་ལོམ་པི་ཡའི་དམག་ཕྱོགས་ཀྱིས་སྙན་སེང་ཞུས་པར་གཞིགས་ན། རོགས་སྐྱོབ་མི་སྣས་ཤེས་རྟོགས་བྱུང་བའི་དངོས་ཟོག་མང་པོའི་ནང་གཏུབ་གྲི་དང་། སྐྲ་དཀྲིས། ལྷམ། ཡལ་གས་བཟོས་པའི་གནས་སྐབས་སྤྱིལ་བུ། གསར་སྐྱེས་ཕྲུ་གུ་ཡི་ར་ནུ་ཞིག་དང་དེ་བཞིན་ཕྱེད་ཙམ་ཟོས་པའི་སིལ་ཏོག་བཅས་ཡོད་པ་རེད། དེར་བརྟེན་སྲོག་ཉེན་ལས་ཐར་པའི་མི་ཡོད་པར་བརྡར་ཤ་བཅད་པ་དང་དེ་རྗེས་འཚོལ་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་། དམག་མི་160དང་ས་གནས་དེ་གའི་ཚོ་པའི་མི་སྣ་70འཚོལ་སྐྱོབ་ནང་ཞུགས་ཡོད་པ་རེད།
ཁོ་ལོམ་པི་ཡའི་ཁྱིམ་ཚང་ཕན་བདེའི་རྩ་འཛུགས་ཀྱིས་ཉིན་དེར་རོགས་སྐྱོབ་མི་སྣས་ཕྲུ་གུ་4གསོན་ཡོད་པའི་གནས་ཚུལ་ཤེས་རྟོགས་ཐུབ་ཡོད་ཅེས་བཤད་མོད། འོན་ཀྱང་ཁྱིམ་ཚང་ཕན་བདེའི་རྩ་འཛུགས་ཀྱིས་ཅུང་མ་འགོར་བའི་དུས་སུ་གནམ་གཤིས་ཡག་པོ་མེད་པ་དང་འཚོལ་སྐྱོབ་ཁུལ་གྱི་ས་དབྱིབས་རྙོག་འཛིང་ཆེ་བ་སོགས་ཀྱི་རྐྱེན་པས་རོགས་སྐྱོབ་མི་སྣ་དང་ཕྲུ་གུ་བཞི་བར་འབྲེལ་བ་བྱུང་མེད་ཅེས་བཤད་པ་རེད། ཕེ་ཐེ་ལུའོ་ཡིས་སྤྱི་ཟླ་5པའི་ཚེས་18ཉིན་གྱི་ཉིན་གཅིག་གོང་ཁྱབ་བསྒྲགས་བྱས་པའི་ཕྲུ་གུ་བསྐྱབས་ཟིན་པའི་སྐོར་གྱི་རྩོམ་ཡིག་བསུབས་ནས་གནས་ཚུལ་དེ་ར་སྤྲོད་ཐུབ་མེད་པ་དང་བཙལ་འཚོལ་མུ་མཐུད་བྱ་རྒྱུ་ཡིན་ཞེས་བཤད་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག བཀྲ་ཤིས་བཟང་པོ།
ཡིག་སྒྱུར། སྒྲོལ་མ་མཚོ།
















