ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

མེ་མདའི་སྒྲ་ཡི་ཁྲོད་ཀྱི་ཨ་རི།

2023-05-17 15:08:00     责编:娜科

སྤྱི་ཚོགས་ཁ་བྲལ་སོང་བས་མེ་མདའི་དོན་རྐྱེན་ཐོན་མང་དུ་སོང་བ།

     ཨ་རིའི་རིགས་རྒྱུད་གནད་དོན་ཚབས་ཆེ་བས། མེ་མདའི་དོན་རྐྱེན་མང་ཆེ་བར་རིགས་རྒྱུད་རིང་ལུགས་ཀྱི་གཟུགས་བརྙན་མཐོང་རྒྱུ་ཡོད། ད་ཐེངས་ཏེ་ཁེ་ས་སི་མངའ་སྡེར་ཐོན་པའི་མེ་མདའི་དོན་རྐྱེན་དེ་ལག་དམར་བ་ནཱ་ཚུའེ་གསར་པའི་ཚོགས་མི་ཡིན་པའི་དོགས་གཞི་ཡོད་པས་ཨ་རི་ཡོངས་ཀྱི་དོ་ཁུར་ཐོབ་ཡོད། འཇབ་རྒོལ་བྱེད་པའི་བརྒྱུད་རིམ་ནང་ལག་དམར་བས་དབྱིན་ཇིའི་ཡིག་འབྲུ་“RWDS”ཞེས་བཀོད་པའི་སྟོད་ཐུང་ཞིག་གྱོན་ཡོད། ཡིག་འབྲུ་དེ་དག་གི་མཚོན་དོན་ནི་གཡས་ཐལ་ཤོག་ཁག་གི་ཤི་ཕོད་རུ་ཁག་ཅེས་པ་ཡིན་ཞིང་། དེ་ནི་རིགས་རྒྱུད་དཀར་པོ་གོང་དུ་བཀུར་བའི་ཚོགས་པའི་ཁྲོད་དར་ཁྱབ་ཆེ་བའི་སྐད་ཆ་ཞིག་རེད། ཨ་རིའི་ཁའེ་ས་ཁྱིམ་ཚང་ཐེབས་རྩ་ལྷན་ཚོགས་ཀྱིས་ཉེ་དུས་ཡོངས་བསྒྲགས་བྱས་པའི་བརྟག་དཔྱད་སྙན་ཞུ་ལས་མངོན་པར། བརྟག་དཔྱད་དང་ལེན་བྱེད་མཁན་གྱི་ཨ་རི་བའི་ཁྲོད། མི་གྲངས་ཕྱེད་ཀ་ཡན་གྱིས་རང་ཉིད་ཀྱི་ཁྱིམ་མིའམ་སྤུན་མཆེད་ལ་མེ་མདའ་བརྒྱབ་པ་དང་འབྲེལ་བ་ཡོད་པའི་དོན་རྐྱེན་ཐེངས་རེ་འཕྲད་མྱོང་ཡོད་ལུགས་བརྗོད་ཡོད། རིགས་རྒྱུད་དཀར་པོ་དང་བསྡུར་ན། རིགས་རྒྱུད་ནག་པོ་སོགས་གྲངས་ཉུང་མི་རིགས་ཀྱི་རིགས་རྒྱུད་ལ་གནད་དོན་དེ་རིགས་འཕྲད་ཐེངས་ཅུང་མང་བ་ཡོད་པ་རེད།

 

 

     འབྲེལ་ཡོད་སྙན་ཞུ་མངོན་པར། སྤྱི་ལོ་1966ལོ་ནས་སྤྱི་ལོ་2019ལོའི་བར་ཨ་རི་ཡོངས་སུ་ཐོན་པའི་མེ་མདའི་དོན་རྐྱེན་ཁྲོད་ཕྱེད་ཀ་ཡན་ནི་སྤྱི་ལོ་2000ལོའི་རྗེས་སུ་ཐོན་པ་དང་། དེ་ལས་20%ཙམ་ཞིག་ནི་སྤྱི་ལོ་2010ལོ་ནས་2019ལོའི་བར་ཐོན་ཡོད། ལོ་བཅུ་པོ་དེའི་རིང་། ཨ་རིར་གཞི་ཁྱོན་ཆེ་བའི་མེ་མདའ་བརྒྱབ་པའི་དོན་རྐྱེན་ཐོན་ཚད་ལྡབ་གཉིས་ཙམ་འཕར་ཡོད། རིགས་གཅིག་མཁས་པས། དུས་རབས་ཉེར་གཅིག་ཚུན་དུ་མེ་མདའི་གཏུམ་སྤྱོད་དོན་རྐྱེན་ཐོན་ཚད་མང་དུ་སོང་བ་དེ་ནི་ཨ་རིའི་སྤྱི་ཚོགས་ཀྱི་བསྡུས་རིས་ཤིག་ཏུ་བརྩི་བཞིན་ཡོད། འདས་པའི་ལོ་བཅུ་ལྷག་རིང་། དངུལ་རྩའི་ཉམས་ཉེན་དང་། ཧྭའར་ཁྲོམ་གཞུང་བཟུང་བའི་ལས་འགུལ། ཁྲིམས་འགལ་གནས་སྤོས་ཡུལ་མི། དེ་བཞིན་ཡུལ་གྱར་བའི་གནད་དོན། ཏོག་གསར་གློ་ཚད་རིམས་ནད་སོགས་ཀྱིས་ཨ་རིའི་སྤྱི་ཚོགས་ལ་བརྡབ་གསིག་དང་རྨ་ཁ་བཟོ་བཞིན་ཡོད་པས་ཨ་རིར་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སྔར་བྱུང་མ་མྱོང་བའི་སྤྱི་ཚོགས་ཁ་བྲལ་གྱི་རྣམ་པ་ཐོན་བཞིན་ཡོད། འཛམ་གླིང་གིས་ཀྱང་ཉམས་རྒུད་དུ་འགྲོ་བཞིན་པའི་ཨ་རིར་བདེན་དཔང་བྱེད་བཞིན་ཡོད་ལ། ཆབ་སྲིད་ཐལ་སྐྱོད་ཅན་དུ་གྱུར་བ་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་ནུས་མེད་དུ་གྱུར་བ་དེས་དགྲ་འཛིན་གྱི་ཉེས་གསོག་བྱ་སྤྱོད་ཐོན་མང་དུ་སོང་ཡོད། དེ་བས་མེ་མདའ་གང་སར་ཁྱབ་པ་དེ་ཡང་ཨ་རི་རང་ངོས་འཇིགས་སྐུལ་རིང་ལུགས་སྐྱེད་བསྲིང་བྱེད་སའི་གཤིན་ས་ལྟ་བུར་གྱུར་ཡོད།

 

ཁེ་ཕན་ཚོགས་པ་རང་སྣང་གང་ཤར་ཆེ་བས། མེ་མདའ་ཚོད་འཛིན་གྱི་མདུན་ལྗོངས་ལ་སྤྲིན་ནག་འཁྲིགས་པ། 

     མེ་མདའ་ཚོད་འཛིན་བྱ་རྒྱུ་དེ་ཨ་རིར་ལག་བསྟར་བྱེད་ཁག་པོར་གྱུར་ཡོད། དེར་དམངས་འདོད་ཀྱི་འགལ་ཟླ་ཡོད་ལ་ཏང་ཤོག་ཁག་གི་འགྲན་རྩོད་ཀྱང་ཡོད། དེ་བས་ཁེ་ཕན་ཚོགས་པ་ནི་རྒྱུ་རྐྱེན་གལ་ཆེན་གྲས་ཤིག་རེད། ཨ་རིའི་ཚོགས་པའི་ཆབ་སྲིད་དང་འདེམས་བསྐོའི་ཆབ་སྲིད་ཀྱིས་མེ་མདའི་ཁེ་ཕན་ཚོགས་པར་ཁྲིམས་མཐུན་གྱི་འགེབས་སྲུང་མཁོ་འདོན་བྱས་པར་བརྟེན་རང་ཉིད་ནས་དངུལ་ལོར་ཆབ་སྲིད་ཤུགས་ཆེན་གཉེར་བས་རྒྱལ་ཚོགས་ཀྱི་གྲོས་མིའི་མེ་མདའི་གནད་དོན་ཐད་ཀྱི་ལངས་ཕྱོགས་ལ་ཁ་ལོ་བསྒྱུར་གྱི་ཡོད།

     མེ་མདའ་དབང་བར་རྒྱབ་སྐྱོར་བྱེད་མཁན་ཨ་རིའི་རྒྱལ་ཡོངས་མེ་མདའ་མཐུན་ཚོགས་ནི་ཨ་རིར་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་ཆབ་སྲིད་འཁྱམ་བཤད་ཚོགས་པའི་གྲས་ཤིག་ཡིན་པ་ཀུན་གྱིས་ཁས་ལེན་བཞིན་ཡོད། དེ་ནི་ཨ་རིའི་མེ་མདའ་ཚོད་འཛིན་ལས་འགུལ་ལ་ངོ་རྒོལ་བྱེད་མཁན་གཙོ་བོ་དེ་རེད། སྤྱི་ལོ་1871ལོར་བཙུགས་པའི་མཐུན་ཚོགས་དེ་ནི་དང་ཐོག་མར་མེ་མདའ་བེད་སྤྱོད་དང་ཇུས་འགོད་ལ་དགའ་པོ་བྱེད་མཁན་གྱི་སྤྲོ་སྐྱིད་ཁང་ཞིག་རེད། དུས་རབས་ཉི་ཤུའི་ལོ་རབས་དྲུག་ཅུའི་དུས་མཇུག་ཏུ། མེ་མདའི་དོན་རྐྱེན་ཐོན་ཚད་མང་དུ་སོང་བས། ཨ་རི་སྲིད་གཞུང་ལ་གནོན་ཤུགས་དྲག་པོ་འཕྲད་པས་མེ་མདའ་ཚོད་འཛིན་ཐད་ཁྲིམས་བཙུགས་མ་བྱེད་ཐབས་མེད་གྱུར་ཡོད། དུས་དེ་ནས་བཟུང་། མཐུན་ཚོགས་དེ་ཡང་རིམ་བཞིན་མེ་མདར་དགའ་པོ་བྱེད་མཁན་གྱི་སྤྲོ་སྐྱིད་ཁང་ཞིག་ནས་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་མེ་མདའ་ཚོད་འཛིན་བྱེད་པར་ངོ་རྒོལ་བྱེད་མཁན་གྱི་ཆབ་སྲིད་ཚོགས་པ་ཞིག་ཏུ་འགྱུར་འགོ་ཚུགས་ཡོད།

 

 

    མེ་མདའ་དང་འབྲེལ་བ་ཡོད་པའི་ཁྲིམས་གཞིའི་རྒྱབ་ན་མཐུན་ཚོགས་དེའི་གཟུགས་བརྙན་མཐོང་རྒྱུ་ཡོད་ཅེས་བརྗོད་ཆོག ཐ་ན་མཐུན་ཚོགས་དེར་རྒྱལ་ཚོགས་སུ་མེ་མདའ་ཚོད་འཛིན་ཁྲིམས་གཞིར་གྲོས་མཐུན་ཡོང་མི་ཐུབ་པ་བྱེད་པའི་ནུས་པའང་ལྡན་ཡོད། ད་ཐེངས་ཏེ་ཁེ་ས་སི་མངའ་སྡེར་མེ་མདའི་དོན་རྐྱེན་ཐོན་རྗེས། དབྱེ་ཞིབ་པ་ཁག་ཅིག་གིས། གལ་སྲིད་ཀུན་གྱིས་དོ་ཁུར་ཆེན་པོ་བྱེད་པའི་མི་གསོད་དོན་རྐྱེན་དེ་རིགས་ཐོན་ཚད་མང་དུ་སོང་ན། མེ་མདའ་ཚོད་འཛིན་བྱེད་པའི་གནོན་ཤུགས་གསར་པ་སྔར་བས་མང་དུ་འགྲོ་སྲིད། འོན་ཀྱང་། དེའི་རྐྱེན་པས་AR-15རྟགས་ཅན་གྱི་མེ་མདའ་འམ་ཡང་ན་དེ་མིན་གྱི་མེ་མདར་རྒྱལ་ཁབ་ཀྱི་བཀག་རྒྱ་གསར་པ་སྟོན་མི་སྲིད། གང་ལགས་ཤེ་ན་རྒྱལ་ཚོགས་ཁྲོད་ཀྱི་སྤྱི་མཐུན་ཏང་མིས་དེར་རྒྱབ་སྐྱོར་བྱེད་མི་སྲིད་པས་རེད་ཅེས་བསྟན་ཡོད།

     ལོ་མང་རིང་།  མེ་མདའ་ཚོད་འཛིན་བྱེད་པའི་གནད་དོན་དེ་ཨ་རིའི་ཏང་གཉིས་ཀྱི་སྲིད་ཚོང་པས་རྩོད་གླེང་བྱེད་ཆེ་བའི་གནད་དོན་གྲས་ཤིག་རེད། མེ་མདའི་དོན་རྐྱེན་གྱི་སྐྱོ་གར་ཐོན་རིམ་བཞིན། སྲིད་ཚོང་པ་ཚོས་མ་གྲོས་གཅིག་མཐུན་གྱི་འཁྲབ་ཚན་ཞིག་འཁྲབ་བཞིན་ཡོད། དེ་ནི་དམངས་གཙོ་ཏང་གིས་མེ་མདའི་དོ་དམ་ལ་ཤུགས་སྣོན་རྒྱག་ལུགས་བརྗོད་པ་དང་། སྤྱི་མཐུན་ཏང་གིས་དེ་ནི་མིའི་སྐྱོན་ཡིན་པ་ལས་མེ་མདའི་ནོར་འཁྲུལ་ག་ལ་ཡིན་ཞེས་ཤོད་པ་དེ་རེད། ཏང་གཉིས་པོའི་དབར་གྱི་ཁ་རྩོད་ཞི་རྗེས། སྲིད་ཇུས་ཐད་ཀྱི་ཕན་འབྲས་གང་ཡང་མཐོང་རྒྱུ་མེད་ལ། ཁྲིམས་གཞིའང་ལག་བསྟར་བྱེད་པ་མཐོང་རྒྱུ་མེད། འོན་ཀྱང་། མེ་མདའི་སྒྲ་དེ་སྔར་བཞིན་ཨ་རིའི་ཕྱོགས་མཚམས་ཀུན་ནས་ཐོས་རྒྱུ་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག ལྷག་པ།

སྒྲིག་སྒྱུར། བྱམས་པ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

▶དབྱིན་ཇིས་ཡུག་རེན་ལ་སྐོར་ཞིབ་འཕུར་མདེལ་མཁོ་འདོན་བྱ་རྒྱུའི་་་

སྤྱི་ཚེས་12ཉིན། ཨུ་རུ་སུའི་ཕྱི་འབྲེལ་པུས་དབྱིན་ཇིས་ཡུག་རེན་ལ“རླུང་འཚུབ་ཀྱི་གྲིབ་མ”ཞེས་འབོད་པའི་སྐོར་ཞིབ་འཕུར་མདེལ་མ་ལག་མཁོ་འདོན་བྱ་རྒྱུ་ཐག་བཅད་པའི་ཐད་གསལ་བསྒྲགས་སྤེལ་ཡོད།

中央广播电视总台 央广网 版权所有

མེ་མདའི་སྒྲ་ཡི་ཁྲོད་ཀྱི་ཨ་རི།

མེ་མདའ་དང་འབྲེལ་བ་ཡོད་པའི་ཁྲིམས་གཞིའི་རྒྱབ་ན་མཐུན་ཚོགས་དེའི་གཟུགས་བརྙན་མཐོང་རྒྱུ་ཡོད་ཅེས་བརྗོད་ཆོག ཐ་ན་མཐུན་ཚོགས་དེར་རྒྱལ་ཚོགས་སུ་མེ་མདའ་ཚོད་འཛིན་ཁྲིམས་གཞིར་གྲོས་མཐུན་ཡོང་མི་ཐུབ་པ་བྱེད་པའི་ནུས་པའང་ལྡན་ཡོད།