ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

པའེ་ཏེང་གིས་སྲིད་འགན་འཁུར་བའི་ཉིན་དང་པོར་གནས་སྤོས་ཡུལ་མིའི་སྒྲིག་སྲོལ་གསར་པ་སྤེལ་རྒྱུ་རེད།

2021-01-20 14:42:00     责编:卓玛才让

ཨ་རིའི་ཙུང་ཐུང་པའེ་ཏེང་གིས་སྲིད་འགན་འཁུར་རྗེས་ཀྱི་ཉིན་དང་པོར་གཞི་ཁྱོན་ཆེ་བའི་གནས་སྤོས་ཡུལ་མིའི་སྐོར་ཀྱི་སྲིད་ཇུས་གསར་པའི་འཆར་ཟིན་ཁྱབ་བསྒྲགས་བྱས་ཏེ། ཨ་རིར་བཅའ་སྡོད་བྱས་ཡོད་ཅིང་སྤྱི་དམངས་ཀྱི་ཐོབ་ཐང་མེད་པའི་གནས་སྤོས་ཡུལ་མི་ཚོར་ལོ་8ནང་ཨ་རིའི་སྤྱི་དམངས་སུ་འགྱུར་བའི་ཐབས་ལམ་ཞིག་མཁོ་འདོན་བྱེད་འཆར་ཡོད་པ་རེད་ལ། བྱེད་ཐབས་འདིས་ད་ལྟའི་ཙུང་ཐུང་ཐེ་རོན་ཕུའི་གནས་སྤོས་ཡུལ་མིའི་སྲིད་ཇུས་དྲག་པོ་དེ་རྩ་སློག་གཏོང་སྲིད་པ་རེད།

ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། འདོན་འཆར་ཡོད་པའི་སྒྲིག་སྲོལ་ནང་གཏན་འབེབས་བྱས་དོན། 2021ལོའི་ཟླ་1ཚེས་1ཉིན་ནས་བཟུང་ཨ་རིར་ཁྲིམས་མཐུན་གྱི་ཐོབ་ཐང་མེད་པར་བཅའ་སྡོད་བྱེད་མཁན་ཚོའི་རྒྱབ་ལྗོངས་བརྟག་དཔྱད་བྱེད་རྒྱུ་ཡིན་པ་དང་། ཁྲལ་འཇལ་ཡོད་པ་མ་ཟད་གཞི་རྩའི་བླང་བྱ་གཞན་དག་དང་མཐུན་ཚེ་ལོ་5ཡི་ནང་གནས་སྐབས་ཀྱི་ཐོབ་ཐང་སྤྲད་ཆོག་པའམ་ཡང་ན་ལྗང་མདོག་རེ་ཞུའི་ཐོབ་ཐང་སྤྲད་ཆོག གནས་སྤོས་ཡུལ་མི་འདི་དག་ཨ་རིའི་སྤྱི་དམངས་སུ་འགྱུར་འདོད་ན་ད་དུང་ལོ་གསུམ་ལ་སྒུག་དགོས།

གནས་ཚུལ་སྤེལ་བར་གཞིགས་ན། ཆུང་དུས་ནས་ཨ་རིར་གནས་སྤོས་ཟིན་ཡང་ཁྲིམས་མཐུན་གྱི་ཐོབ་ཐང་ཐོབ་མེད་པའི་ན་གཞོན་དང་ཞིང་ལས་ཁྱབ་ཁོངས་ཀྱི་ལས་དོན་པ། “གནས་སྐབས་སྲུང་སྐྱོང་བྱ་ཡུལ་”སོགས་གཙོས་པའི་གནས་ཚུལ་དམིགས་བསལ་ཡིན་པའི་གནས་སྤོས་ཡུལ་མི་ཁ་ཤས་ལ་མཚོན་ན་སྤྱི་དམངས་ཀྱི་ཐོབ་ཐང་ཐོབ་པའི་བརྒྱུད་རིམ་དེ་བས་མགྱོགས་པོ་ཡོད། གལ་ཏེ་ཁོ་ཚོས་ལས་ཀ་དང་སློབ་གྲྭའམ་ཡང་ན་རེ་བ་གཞན་པ་སྐོང་ཐུབ་ན། མྱུར་དུ་ལྗང་མདོག་གི་བྱང་བུ་ཐོབ་ཐུབ་པ་ཡིན།

པའེ་ཏེང་གིས་མི་རིང་བར་དངོས་སུ་འདོན་གྲབས་ཡོད་པའི་སྲིད་ཇུས་དེ་འདེམས་བསྐོ་ཆེ་མོའི་ཁྲོད་ལ་ཏིང་རྒྱུད་ཀྱི་ཡུལ་སྤོས་མི་སྣ་དང་ཡུལ་སྤོས་མི་སྣའི་འདེམས་དམངས་ལ་དམ་བཅའ་མངོན་འགྱུར་བྱེད་པ་ཞིག་ཀྱང་ཡིན་ལ། ཉེ་བའི་ལོ་ཤས་རིང་སྤྱི་དམངས་ཀྱི་ཐོབ་ཐང་མེད་པར་ལུས་པའི་མི་རྣམས་ལ་དུས་ཡུན་ཐུང་ངུའི་ནང་ཐོབ་ཐང་མཁོ་འདོན་བྱེད་ཐབས་ཤིག་ཀྱང་ཡིན། འོན་ཀྱང་དབྱེ་ཞིབ་པ་མང་པོས་པའེ་ཏེང་གི་གནས་སྤོས་ཡུལ་མིའི་སྲིད་ཇུས་ཀྱིས་སྤྱི་མཐུན་ཏང་གི་རྒྱལ་མཚམས་བདེ་འཇགས་ལ་ཤུགས་རྒྱག་དགོས་པའི་རེ་བ་སྐོང་ཐུབ་ཀྱི་མེད། དམངས་གཙོ་ཏང་ལ་རྒྱལ་ཚོགས་སུ་མི་གྲངས་ཀྱི་ལེགས་ཆ་ཅུང་ཙམ་ལྡན་ན་ཡང་པའེ་ཏེང་གི་སྲིད་ཇུས་ལ་གྲོས་འཆམ་བྱུང་ཐུབ་མིན་སྔར་བཞིན་ཁ་ཚོན་གཅོད་ཐབས་བྲལ།

དེ་གོང་གནས་ཚུལ་སྤེལ་བར་གཞིགས་ན། པའེ་ཏེང་ཚོགས་པའི་མཐོ་རིམ་དཔོན་རིགས་ཤིག་གིས་ཨ་རིའི་རྒྱལ་ཡོངས་རླུང་འཕྲིན་ཀུང་སིའི་བཅར་འདྲི་དང་ལེན་བྱེད་སྐབས་ཨ་རིར་འགེབས་སྲུང་བརྩོན་ལེན་བྱ་རྩིས་ཡོད་པའི་གནས་སྤོས་ཡུལ་མི་ཚོས་“རང་ཉིད་དུས་ཡུན་ཧ་ཅང་ཐུང་ངུའི་ནང་ཨ་རིའི་རྒྱལ་ཁོངས་སུ་ཞུགས་མི་ཐུབ་པ་ཤེས་དགོས་”ཅེས་བཤད་པ་རེད། དཔོན་རིགས་དེས་ད་དུང་པའེ་ཏེང་སྲིད་གཞུང་གིས་ཨ་རིར་གནས་སྡོད་བྱས་ཀྱང་ཐོབ་ཐང་དཔང་ཡིག་མེད་པའི་གནས་སྤོས་ཡུལ་མི་ལ་སྔོན་ལ་བསམ་གཞིག་བྱ་རྒྱུ་ཡིན་པ་ལས་གསར་དུ་གནས་སྤོས་བྱེད་མཁན་ཚོར་དམིགས་བསལ་མེད་ཅེས་བསྟན།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར། བསྟན་རྒྱམ།

中央广播电视总台 央广网 版权所有

པའེ་ཏེང་གིས་སྲིད་འགན་འཁུར་བའི་ཉིན་དང་པོར་གནས་སྤོས་ཡུལ་མིའི་སྒྲིག་སྲོལ་གསར་པ་སྤེལ་རྒྱུ་རེད།