ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ཁོས་ཨ་རིའི་འདེམས་བསྐོ་ཆེ་མོའི་ནང་དངོས་སུ་ཞུཊ་རྒྱུའི་ཐོ་འགོད་བྱས།

2020-07-17 16:20:00     责编:卓玛才让

 

     དེ་གོང་ཨ་རིའི་འདེམས་བསྐོ་ཆེན་མོའི་ནང་ཞུགས་རྒྱུ་ཁྱབ་བསྒྲགས་བྱས་པའི་གཞས་པ་ཁན་ཡེ·ཝེ་སི་ཐེས་ཨ་རིས་ཨུ་ཁེ་ལ་ཧོ་མཱ་མངའ་སྡེ་རུ་ཙུང་ཐུང་གི་འོས་མིར་མིང་ཐོ་བཀོད་ཟིན་པ་དང་། ཁོའི་མིང་མངའ་སྡེ་དེ་གའི་འདེམ་ཤོག་སྟེང་འབྱུང་སྲིད།

     ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་དང་ཨུ་རུ་སུའི་སྲུང་སྐར་འཕྲིན་གཏོང་ཁང་གིས་ཚེས་16ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཝེ་སི་ཐེའི་འཐུས་མིས་ཟླ་7ཚེས་15ཉིན་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གི་རེའུ་མིག་ཨང་1བྲིས་ཟིན་པ་དང་། རེའུ་མིག་དེ་ནི་ཨ་རིའི་ཙུང་ཐུང་འདེམས་བསྐོ་འགྲན་བསྡུར་ནང་དངོས་སུ་ཞུགས་པའི་དགོས་ངེས་ཀྱི་ཡིག་ཆ་ཞིག་ཡིན་ལ། འཐུས་མི་དེས་ད་དུང་ཨ་སྒོར་ཁྲི་3.5ཡི་རེ་ཞུའི་འགྲོ་གྲོན་སྤྲད་ཟིན་པ་རེད། ཨུ་ཁེ་ལ་ཧོ་མཱ་མངའ་སྡེའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་སྨི་ཧྲ་·མོ་ཨར་གྱིས། ཉིན་དེ་ནི་མངའ་སྡེ་དེ་གའི་ཙུང་ཐུང་འདེམས་བསྐོ་འོས་མིས་ཐོ་འགོད་བྱེད་པའི་ཉིན་མཐའ་མ་དེ་ཡིན་པ་དང་དེ་ཉིན་ཝེ་སི་ཐེ་ཚུད་པའི་རང་ཚུགས་ཀྱི་འོས་མི་གསུམ་གྱིས་རེ་ཞུའི་གྲོན་དངུལ་སྤྲད་ཟིན་པ་བཤད་ཡོད།

     ཝེ་སི་ཐེའི་རེ་ཞུའི་རེའུ་མིག་ལས་མངོན་པ་ལྟར་ན། ཁོ་ནི་“ཁན་ཡེ་2020”ཨུ་ཡོན་ལྷན་ཁང་གིས་འདེམས་སྒྲུག་བྱས་པ་དང་ཏང་ཤོག་འབྲི་སར་“BDY”ཞེས་བྲིས་ཡོད་པ་རེད། ཝེ་སི་ཐེ་ཡིས་“BDY”ནི་“སྐྱེས་སྐར་ཏང་”(Birthday Party)ཞེས་པའི་དོན་ཡིན་ཞེས་བཤད་ཡོད།

     ཨུ་ཁེ་ལ་ཧོ་མཱ་ཡང་ཝེ་སི་ཐེ་ཡིས་རེ་ཞུའི་དུས་བཅད་གོང་འདེམས་བསྐོའི་ནང་ཞུགས་རྒྱུའི་བླང་བྱ་ལེགས་སྒྲུབ་བྱས་པའི་མངའ་སྡེ་དང་པོ་དེ་ཡིན་པ་རེད། དེའི་སྔོན་ལ་ཁོས་མངའ་སྡེ་མང་པོ་ཞིག་གི་འདེམས་བསྐོར་ཞུགས་པའི་དུས་ཚད་ཤོར་ཟིན།

     དེའི་སྔོན་ལ་ཝེ་སི་ཐེ་འདེམས་བསྐོ་འགྲན་བསྡུར་ནས་ཕྱིར་འཐེན་བྱེད་པའི་སྐོར་གྱི་གནས་ཚུལ་ཡོད་མྱོང་། ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཚེས་14ཉིན《ཉིའུ་ཡོག》དུས་དེབ་ཐོག་ཝེ་སི་ཐེ་ཡི་འགྲན་འདེམས་བློ་འདྲི་བ་ཧྲི་ཏི་ཕུའུ·ཁེ་ལའེ་མོས“ཁོ་ཕྱིར་འཐེན་བྱས་སོང”ཞེས་བཤད་པ་མ་ཟད་ཝེ་སི་ཐེ་ཡི་དམིགས་བསལ་གདན་ཞུ་ཚོགས་པ་ཚང་མ་དེའི་ཐད་བློ་ཕམ་ཆེན་པོ་བྱུང་ཡོད་ཅེས་བསྟན་ཡོད་པ་རེད།

     ད་ལོའི་ཟླ་7ཚེས་5ཉིན། ཁན་ཡེ·ཝེ་སི་ཐེ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་ཨ་རིའི་ཙུང་ཐུང་འདེམས་བསྐོ་ནང་ཞུགས་རྒྱུ་ཁྱབ་བསྒྲགས་བྱས་པ་མ་ཟད། ཐེ་སི་ལ་ཀུང་སིའི་CEOམ་སི་ཁེ་སོགས་ཀྱི་རྒྱབ་སྐྱོར་ཡང་ཐོབ་ཡོད། ཉིན་ཤས་སོང་རྗེས། ཝེ་སི་ཐེ་ཡིས《ཧྥུ་པུའུ་སི》དུས་དེབ་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་རང་ཉིད་ཀྱིས་ཐེ་རོན་ཕུ་ལ་རྒྱབ་སྐྱོར་མི་བྱེད་པ་དང་། ཙུང་ཐུང་འདེམ་བསྐོའི་འགྲན་བསྡུར་ནི་རྒྱལ་ཁའི་ཆེད་དུ་ཡིན་ཞེས་བཤད་ཡོད།

     ཝེ་སི་ཐེ་ནི་1977ལོར་ཨ་མེ་རི་ཁའི་ཙོ་ཀྲི་ཡ་མངའ་སྡེའི་ཡ་ཐ་ལན་ཏ་རུ་སྐྱེས། ཨ་རིའི་གཞས་མ་གཏམ་དང་། རོལ་དབྱངས་བཟོ་མཁན། ཚོང་པ། གྱོན་ཆས་ཇུས་འགོད་པ་བཅས་ཡིན།

中央广播电视总台 央广网 版权所有

ཁོས་ཨ་རིའི་འདེམས་བསྐོ་ཆེ་མོའི་ནང་དངོས་སུ་ཞུཊ་རྒྱུའི་ཐོ་འགོད་བྱས།