ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

འཛམ་གླིང་གི་མི་འབོར་དུང་ཕྱུར་76ལས་བརྒལ་བ། ༼བརྙན།༽

2020-07-14 15:07:00     责编:卓玛才让

 

 

     ཟླ་7པའི་ཚེས་11ཉིན་ནི་འཛམ་གླིང་གི་མི་འབོར་ཉིན་མོ་ཡིན་པ་དང་། སྨྱན་སྦྱོར་ཐོག་འདི་དང་འབྲེལ་ཡོད་ཀྱི་གནས་ཚུལ་སྤེལ་བཞིན་འདུག་ལ། སྡེ་ཁུལ་དུའང་འབྲེལ་ཡོད་བྱེད་སྒོ་འདྲ་མིན་གཉེར་བཞིན་འདུག འོ་ན། འཛམ་གླིང་གི་མི་འབོར་ཉིན་མོ་ཟེར་ན་ཡང་སྙིང་ཅི་ཞིག་རེད། བྱེད་སྒོ་འདི་སྤེལ་བར་དོན་སྙིང་ཅི་ཞིག་ཡོད་རེད།

     དྲན་གསོའི་ཉིན་མོ་འདིའི་འབྱུང་ཁུངས་ནི་1987ལོའི་ཟླ་7པའི་ཚེས་11ཉིན་ནས་བཤད་དགོས་རེད། ཉིན་དེར་དེ་སྔའི་ཡུ་གོ་སད་ལོ་ཝི་ཡའི་བྱིས་པ་ཞིག་སྐྱེས་ཡོད་པ་དང་། བྱིས་པ་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སའི་གོ་ལའི་སྟེང་གི་མི་དུང་ཕྱུར་50པ་དེ་ཡིན་པའི་ངོས་འཛིན་བྱས་པ་དང་། ཉིན་དེ་ནས་བཟུང་། སའི་གོ་ལའི་ཐོག་གི་མི་འབོར་དུང་ཕྱུར་50ཡི་འགག་སྒོ་ཆེན་པོ་ལས་བརྒལ་བ་དངོས་སུ་ཁྱབ་བསྒྲགས་བྱས་ཡོད། དེ་དང་ཆབས་ཅིག་མི་རྣམས་ཀྱིས་མི་འབོར་གྱི་གནད་དོན་ལ་དོ་ཁུར་བྱ་རྒྱུར་འབོད་སྐུལ་གཏོང་ཆེད། 1990ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལོ་རེའི་ཟླ་7ཚེས་11ཉིན་མོ་དེ་འཛམ་གླིང་གི་མི་འབོར་ཉིན་མོར་གཏན་འཁེལ་བྱས་པ་རེད།

     འཛམ་གླིང་གི་མི་འབོར་ཉིན་མོ་བཙུགས་པ་དེ་སྟབས་བདེའི་ངང་དྲན་གསོ་ཞུ་བ་རྐྱང་རྐྱང་གི་ཆེད་དུ་མིན་པར། དེའི་རྒྱབ་ན་འགན་འཁྲི་དང་དམིགས་འབེན་ཆེན་པོ་ཞིག་ཡོད་དེ། དེ་ནི་ཆེས་དབུལ་ཕོངས་དང་བཀྲེས་ལྟོགས་ཀྱི་གནད་དོན་མེད་པ་བཟོ་རྒྱུ་དང་། སློབ་ཆུང་གི་སློབ་གསོ་ཁྱབ་གདལ་གཏོང་རྒྱུ། ཕོ་མོ་འདྲ་མཉམ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དང་དེ་བཞིན་བུད་མེད་ལ་དབང་ཆ་སྤྲོད་རྒྱུ། བྱིས་པའི་འཆི་ཚད་དམའ་རུ་གཏོང་རྒྱུ། སྦྲུམ་མའི་བདེ་སྲུང་ལེགས་སུ་གཏོང་རྒྱུ། ཨེ་ཙི་ནད་དུག་དང་ཨེ་ཙི་ནད་སོགས་དང་འཐབ་རྩོད་བྱ་རྒྱུ། ཁོར་ཡུག་གི་རྒྱུན་མཐུད་ནུས་པ་དང་གོ་ལ་ཧྲིལ་པོའི་མཉམ་ལས་གོང་འཕེལ་འགན་ལེན་བྱ་རྒྱུ་སོགས་མིའི་རིགས་ཀྱི་ཤི་གསོན་ཆགས་འཇིག་གི་ལས་དབང་དང་འབྲེལ་བ་ཡོད་པའི་ལས་འགན་རབ་དང་རིམ་པ་སྒྲུབ་རྒྱུར་འབོད་སྐུལ་བྱ་རྒྱུ་ནི་འཛམ་གླིང་གི་མི་འབོར་ཉིན་མོའི་བཙུགས་པའི་དམིགས་ཡུལ་ཡིན།

     མཉམ་འབྲེལ་རྒྱལ་ཚོགས་མི་འབོར་ཐེབས་རྩ་ལྷན་ཚོགས་ཀྱི་གྲོས་འགོ་དེར་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་མང་ཆེ་བའི་ཁས་ལེན་ཐོབ་པ་མ་ཟད། ལོ་རེའི་ཟླ་7ཚེས་11ཉིན་བྱེད་སྒོ་སྣ་ཚོགས་སྤེལ་གྱི་ཡོད་པ་རེད། ལོ་ལྟར་ཡང་འདིའི་བརྗོད་དོན་གཙོ་བོ་མི་འདྲ་བ་ཡོད་པ་དཔེར་ན། 2010ལོའི་བརྗོད་བྱ་གཙོ་བོ་ནི“མི་ཚང་མ་ཧ་ཅང་གལ་ཆེན་ཡིན”ཞེས་པ་དང་། 2014ལོའི་བརྗོད་དོན་གཙོ་བོ་ནི“གཞོན་ནུ་ཚོར་མ་འཇོག་བྱ་རྒྱུར་དོ་ཁུར་བྱེད”ཅེས་པ་དེ་ཡིན་པ་དང་། 2019ལོའི་བརྗོད་དོན་གཙོ་བོ་ནི“འཕེལ་རིམ་མགྱོགས་སུ་བཏང་ནས་ཁས་ལེན་མངོན་འགྱུར་ཡོང་བ་བྱ་དགོས་ཞེས་པ་དེ་རེད།

     ད་ལོའི་ཟླ་7པའི་ཚེས་11ཉིན་ནི་འཛམ་གླིང་གི་མི་འབོར་ཉིན་མོ་ཐེངས་31པ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་འབོར་ཐེབས་རྩ་ལྷན་ཚོགས་ནས་ད་ལོའི་བརྗོད་དོན་གཙོ་བོ་ནི“ཏོག་གསར་གློ་ཚད་ཀྱི་རིམས་ནད་མཇུག་སྒྲིལ་བྱེད་པའི་ཁྲོད། མིག་སྔར་བུད་མེད་དང་བུ་མོའི་བདེ་ཐང་དང་ཁེ་དབང་ཇི་ལྟར་འགན་ལེན་བྱེད་དགོས་ཞེས་ཡིན་པ་དང་། མི་རྣམས་ཀྱི་ཆགས་སྤྱོད་བདེ་ཐང་དང་སྐྱེ་འཕེལ་བདེ་ཐང་གི་དགོས་མཁོ་དང་དེ་བཞིན་ཏོག་གསར་གློ་ཚད་ཀྱི་རིམས་ནད་རིང་བུད་མེད་དང་བུ་མོ་ཚོའི་ཉམ་ཆུང་རང་བཞིན་ལ་ངོས་འཛིན་བྱེད་ཚད་མཐོ་རུ་གཏོང་རྒྱུར་ཁྲིད་སྟོན་བྱ་རྒྱུ་དེ་རེད།

     ལེ་ཚན་གྱི་མཇུག་ཏུ། ངས་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ་ཡི་ལག་བསྟར་ཀྲུའུ་རེན་ཁེ་ལའོ་སི·ཐུའོ་ཕུའུ་ཧྥོ་ཡི་སྐད་ཆ་ཞིག་དྲངས་ནས་དེ་རིང་གི་ལེ་ཚན་མཇུག་སྒྲིལ་རྒྱུ་ཡིན། འཛམ་གླིང་གི་མི་འབོར་ཉིན་མོ་ནི་སའི་གོ་ལའི་གྲོང་མི་དང་ཁོང་ཚོའི་འཚོ་གནས་ཆ་རྐྱེན་དང་དེ་བཞིན་ཁོར་ཡུག་དབར་གྱི་འབྲེལ་བ་མཚོན་པའི་གོ་སྐབས་བཟང་པོ་ཞིག་རེད། མི་འབོར་གྱི་གནད་དོན་ནི་སྤྱི་མཚན་དུ་གྱུར་པའི་མིའི་གྲངས་ཀ་ཙམ་གྱི་བརྗོད་གཞི་སྟབས་བདེ་ཞིག་གཏན་ནས་མིན། འདི་ནི་སའི་གོ་ལའི་ཐོག་འཚོ་བའི་འགྲོ་བ་མི་ཡོངས་ཀྱི་འཚོ་གནས་ཆ་རྐྱེན་དང་དེ་བཞིན་བདེ་ཐང་གི་གནད་དོན་དང་འབྲེལ་བ་དམ་ཟབ་ཡོད། དེས་ན་ད་ལོའི་མི་འབོར་ཉིན་མོའི་བརྗོད་དོན་གཙོ་བོ་སྟེ། “ཏོག་གསར་གློ་ཚད་ཀྱི་རིམས་ནད་མཇུག་སྒྲིལ་བྱེད་པའི་ཁྲོད། མིག་སྔར་བུད་མེད་དང་བུ་མོའི་བདེ་ཐང་དང་ཁེ་དབང་ཇི་ལྟར་འགན་ལེན་བྱེད་དགོས་ཞེས་པར་གཞིགས་ནས། ང་ཚོས་རང་ཉིད་ཀྱི་ཉེ་འཁོར་ནས་འགོ་བཙུགས་ཏེ། བུད་མེད་དང་བུ་མོ་ཆུང་ཆུང་ཚོའི་བདེ་ཐང་ལ་དུས་དང་རྣམ་པ་ཀུན་དུ་དོ་ཁུར་དང་སེམས་ཁུར་མང་ཙམ་གནང་ཐོག ད་ལྟའི་སྐྱེད་མ་དང་མ་འོངས་པའི་སྐྱེད་མ་རྣམས་ཀྱི་བདེ་ཐང་གི་ཆུ་ཚད་མཐོར་རུ་བཏང་ནས། མིའི་རིགས་ཧྲིལ་པོའི་མ་འོངས་པའི་ཆེད་ལེགས་སྐྱེས་འབུལ་རྒྱུའི་རེ་འབོད་ཞུ་བར་བྱའོ། །

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག མིག་དམར་རྒྱལ་པོ།

ལེ་ཚན་གཙོ་སྐྱོང་བ། བདེ་གཡང་།

བརྙན་ལེན་སྒྲིག་བཟོ། བཀྲ་ཤིས་རྡོ་རྗེ།

རྩོམ་སྒྲིག ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཁྲེན་ཏུའུ་རྩོམ་སྒྲིག་ཁང་།

中央广播电视总台 央广网 版权所有

འཛམ་གླིང་གི་མི་འབོར་དུང་ཕྱུར་76ལས་བརྒལ་བ། ༼བརྙན།༽