ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

ལྗར་པན་གྱི་རིག་དངོས་ཤུལ་བཞག་འདིར་མེ་སྐྱོན་ཆེན་པོ་བྱུང་འདུག

2019-11-04 09:05:00     责编:卓玛才让

     ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་31ཉིན་གྱི་ཐོ་རེངས་སུ་ལྗར་པན་ཁྲུང་ཧྲེང་རྫོང་ན་པེ་གྲོང་ཁྱེར་དུ་གནས་པའི་འཛམ་གླིང་རིག་གནས་ཤུལ་བཞག་ཧྲོའུ་ལི་གྲོང་དུ་མེ་ཆེན་པོ་ཤོར་ཡོད། ས་གནས་དེ་གའི་མེ་ཟོན་སྡེ་ཚན་ལ་ཟླ་10ཚེས་31ཉིན་གྱི་ཐོ་རེངས་ཆུ་ཚོད་2ཙམ་ལ་བརྡ་འབྱོར་ནས་འཕྲལ་མར་མི་སྣ་འབོར་ཆེན་མེ་གསོད་པར་བཏང་ཡོད། ཉིན་གཉིས་པའི་ཕྱི་དྲོའི་ཆུ་ཚོད་1དང་སྐར་མ་30ཡས་མས་སུ་མེ་གསོད་ཐུབ་ཡོད། འོན་ཀྱང་དེའི་ཧྲོའུ་ལི་གྲོང་གི་འདུ་ཁང་དང་། ལྷ་ཁང་བྱང་མ། ལྷ་ཁང་ལྷོ་མ། དཔེ་ཁང་སོགས་སྟར་པ་6ཚུད་པའི་སྨི་ངོས་གྲུ་མ་4000ལྷག་ཙམ་ཟིན་པའི་སྐྲུན་དངོས་ཧ་ལམ་ཚང་མ་འཚིག་ནས་མིའི་རིགས་ཀྱི་རིག་གནས་ཤུལ་བཞག་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད།

 

 

 

     མེ་སྐྱོན་ནང་མི་ཤི་རྨས་བྱུང་མེད་ཀྱང་། ས་གནས་དེ་གའི་མེ་ཟོན་སྡེ་ཚན་གྱིས་མེ་གསོད་རུ་མི་ཞིག་ལུས་ཆུ་ཟད་པའི་རྐྱེན་གྱིས་སྨན་ཁང་དུ་བསྐྱལ་བ་དང་། གཞན་ཡང་ཉེ་འཁོར་གྱི་གྲོང་མི་30ཡན་གནས་སྐབས་ཁ་བཀྲམས་ཡོད་ཅེས་བཤད་འདུག

     ཁྲུང་ཧྲེང་རྫོང་ཉེན་རྟོག་ཕྱོགས་ཀྱིས་བཤད་པར། ཟླ་10ཚེས་27ཉིན་ནས་བཟུང་ཧྲོའུ་ལི་གྲོང་དུ་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་བྱེད་སྒོ་ཞིག་སྤེལ་བ་དང་། བྱེད་སྒོ་དང་འབྲེལ་བ་ཡོད་པའི་ལས་དོན་ཁག་གཅིག་ཟླ་10ཚེས་31ཉིན་གྱི་ཐོ་རེངས་ཆུ་ཚོད་1བར་རྒྱུན་མཐུད་བྱས་མོད། འོན་ཀྱང་དེ་མེ་སྐྱོན་བྱུང་བ་དང་འབྲེལ་བ་ཡོད་མེད་གསལ་པོ་ཤེས་མེད། གཞན་ཡང་ན་པོ་གྲོང་ཁྱེར་མེ་ཟོན་ཅུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔའི་གནས་ཚུལ་ལ་བལྟས་ན། མེ་ཆེན་པོ་དེ་ཚོམས་ཆེན་ནས་འབར་འགོ་ཚུགས་པའི་དོགས་པ་ཡོད་མོད། འོན་ཀྱང་མེ་ཤོར་བའི་རྒྱུ་རྐྱེན་ཞིབ་ཕྲ་ད་དུང་གསལ་པོ་ཤེས་ཀྱི་མེད། 

བཟོ་སྐྲུན་དེར་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་ཞིང་། ཀྲུང་གོ་དང་། ལྗར་པན། ལིའུ་ཆིའུ་གླིང་ཕྲན་གྱི་ཁྱད་ཆོས་མཉམ་དུ་འདུས་ཡོད། 

 

    ཧྲོའུ་ལི་གྲོང་ནི་ལིའུ་ཆིའུ་གླིང་ཚོམ་གྱི་གནའ་ཤུལ་གལ་ཆེན་ཞིག་ཡིན་པ་དང་། དམག་འཁྲུག་རྗེས་ཀྱི་ལྷག་ལུས་མ་དབྱིབས་ལྟར་འདྲ་བཟོ་བྱས་པའི་ཐང་རྒྱལ་རབས་ཀྱི་ཁྱད་ཆོས་ལྡན་པའི་བཟོ་བཀོད་ཅིག་ཡིན། ཧྲོའུ་ལི་གྲོང་ནི་ལིའུ་ཆིའུ་རྒྱལ་པོའི་ཕོ་བྲང་གི་བཟོ་བཀོད་ཅིག་ཡིན་པ་དང་། སྐབས་དེར་རྒྱལ་པོས་རྒྱལ་ཁབ་ཀྱི་ལས་དོན་ཐག་གཅོད་དང་། ཕོ་ཉ་ཐུག་འཕྲད། རྟེན་འབྲེལ་མཛད་སྒོ་གལ་ཆེན་བཅས་གནང་སའི་ས་ཆ་ཞིག་རེད། དེར་ཀྲུང་གོ་དང་འཇར་པན། ལེའུ་ཆིའུ་གླིང་ཕྲན་བཅས་ཀྱི་འཛུགས་སྐྲུན་ཁྱད་ཆོས་དང་མཉམ་དུ་འདྲེས་ཡོད། 

    ཤེས་རྟོགས་བྱུང་བར་གཞིགས་ན། ཧྲོའུ་ལི་གྲོང་གི་གྲུབ་ཆ་དེ་པེ་ཅིང་གི་གོང་མའི་ཕོ་བྲང་དང་། ཧྲོའར་གྱི་ཅིང་ཕུའུ་ཕོ་བྲང་། ཁྲང་ཏེ་ཕོ་བྲང་བཅས་དང་ཧ་ཅང་འདྲ་པོ་ཡོད་པ་དང་མཐའ་འཁོར་དུ་ད་དུང་གནའ་ཤུལ་མང་པོ་ཡོད་པ་རེད།  

      ལོ་རྒྱུས་ཐོག་ཧྲོའུ་ལི་གྲོང་མེས་འཚིག་ནས་བསྐྱར་སྐྲུན་ཐེངས་མང་བྱས་ཡོད། 1923ལོར། ཧྲོའུ་ལི་གྲོང་ཁྱེར་གྲོས་ཚོགས་ཁང་གིས་ཐ་ན་ཧྲོའུ་ལི་གྲོང་ལྷ་ཁང་བཤིག་རྒྱུའི་གྲོས་ཆོད་ལ་གྲོས་མཐུན་བཞག་ཡོད། དེ་རྗེས་སླར་ཡང་གྲོས་བསྡུར་བྱས་པ་བརྒྱུད་གཞི་ནས་སོར་ཉར་ཐུབ་ཡོད། 1925ལོར་རྒྱལ་ནོར་རིམ་པའི་རིག་དངོས་སུ་གཏན་འཁེལ་བྱས།

 

      1945ལོར། འཛམ་གླིང་དམག་ཆེན་ཐེངས་གཉིས་པའི་སྐབས་སུ། ཨ་རིའི་མཚོ་དམག་གི“མི་ཞི་ཞི་པེ”རྟགས་ཅན་གྱི་དམག་གྲུས་མེ་སྒྱོགས་ཐེངས་མང་འཕངས་ནས་གྲོང་དེ་རྩ་མེད་དུ་བཏང་། 1992ལོ་ནས་བཟུང་བསྐྱར་བསྐྲུན་བྱེད་འགོ་ཚུགས། 2000ལོར་ཧྲོའུ་ལི་གྲོང་འཛམ་གླིང་རིག་གནས་ཤུལ་བཞག་གི་གྲས་སུ་ཚུད། 

 

ད་ལོ་ད་དུང་འཛམ་གླིང་གི་རིག་གནས་ཤུལ་བཞག་གསུམ་ལ་མེ་སྐྱོན་བྱུང་།

 

     ཤེས་རྟོགས་བྱུང་བར་གཞིགས་ན། ཧྲོའུ་ལི་གྲོང་ནི་འདི་ལོ་ཕ་རི་སིའི་ཡེ་ཤུའི་འཕགས་མ་ལྷ་ཁང་དང་ཏུའུ་ལིང་གྲོང་ཁྱེར་ལྟེ་བར་གནས་པའི་གོང་མ་ཚང་གི་རྟ་ར་དང་རྟ་རྩལ་སློབ་གླིང་རྗེས་ཀྱི་མེ་སྐྱོན་ཐོན་པའི་འཛམ་གླིང་རིག་གནས་ཤུལ་བཞག་གསུམ་པ་དེ་ཡིན་པ་རེད། 

 

  • ཕ་རི་སིའི་འཕགས་མ་ལྷ་ཁང་།

 

     2019ལོའི་ཟླ་4ཚེས་15ཉིན་གྱི་ས་སྲོས་སུ་ཧྥ་རན་སེའི་ཚབ་མཚོན་རང་བཞིན་ཆེ་ཤོས་ལྡན་པའི་རིག་དངོས་གནའ་ཤུལ་དང་འཛམ་གླིང་ཤུལ་བཞག་གི་གྲས་ཤིག་ཡིན་པའི་ཕ་རི་སིའི་ཡེ་ཤུའི་འཕགས་མ་ལྷ་ཁང་དུ་མེ་སྐྱོན་ཐོན་ཡོད། སྙན་གྲགས་ཤིན་ཏུ་ཆེ་ཞིང་ལོ་ལྟར་ཡུལ་སྐོར་བ་མི་ཐེངས་ཁྲི་1300་ཉེ་བར་སྣེ་ལེན་ཞུ་བའི་ཀེ་ཐེ་རྣམ་པའི་འཛུགས་སྐྲུན་དེ་འུར་འུར་དུ་འབར་བའི་མེ་ཆེན་གྱིས་ཁྱུར་མིད་བཏང་བ་རེད། ཧྥ་རན་སེའི་མང་ཚོགས་འབོར་ཆེན་ཞིག་སེ་ན་གཙང་པོའི་ཁ་གཏད་དུ་ལངས་ནས་གནས་ཚུལ་དེར་བལྟས་ཤིང་། མི་མང་པོ་ཞིག་སེམས་སྡུག་གི་མིག་ཆུ་ཤོར་ཡོད།

     ཟླ་4ཚེས་16ཉིན་ཧྥ་རན་སེའི་མེ་ཟོན་སྡེ་ཚན་གྱིས་ཕ་རི་སིའི་ཡེ་ཤུའི་འཕགས་མ་ལྷ་ཁང་ཐང་ཆེན་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་སྟབས་བདེ་ཞིག་བསྡུས་ཤིང་། ཚེས་16ཉིན་གྱི་སྔ་དྲོའི་ཆུ་ཚོད་10པར་སླེབས་སྐབས་ཕ་རི་སིའི་ཡེ་ཤུའི་འཕགས་མ་ལྷ་ཁང་གི་མེ་ཆེན་པོ་ཚང་མ་བསད་ཟིན་ཞེས་བཤད།  ཕ་རི་སིའི་ཡེ་ཤུའི་འཕགས་མ་ལྷ་ཁང་གི་འཛུགས་སྐྲུན་གྲུབ་ཆ་གཙོ་བོ་རྡིབ་མེད་མོད།  འོན་ཀྱང་མཆོད་རྟེན་རྩེ་དང་སྨི་ངོས་གྲུ་མ་1000ཟིན་པའི་ཁང་པའི་ཐོག་ཁ་འཚིག་པ་དང་། ནང་ངོས་ཀྱི་གྲུབ་ཆ་ཁག་གཅིག་སྔར་བཞིན་རྡིབ་ཉེན་ཡོད་པ་རེད། 

△ཕ་རི་སིའི་འཕགས་མ་ལྷ་ཁང་གི་མེ་སྐྱོན་སྔ་གཞུག་གི་བསྡུར་རིས། 

 

      དེ་ཉིན་ཧྥ་རན་སེའི་ཙུང་ཐུང་ཨའེ་མ་ཉིའུ་ཨེར·མ་ཁེ་ལུང་གིས་ལོ་ལྔའི་ནང་ཕ་རི་སིའི་ཡེ་ཤུའི་འཕགས་མ་ལྷ་ཁང་ཉམས་གསོ་བྱ་རྒྱུའི་སྲིད་གཞུང་གི་འཆར་གཞི་ཁྱབ་བསྒྲགས་བྱས་པ་རེད། འོན་ཀྱང་ལོ་ཕྱེད་ཙམ་འདས་ཟིན་པ་དང་ཉམས་གསོའི་འཕེལ་རིམ་སྔོན་དཔག་ལས་དལ་བ་ཡོད། ས་གནས་དེ་གའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་དཔོན་རིགས་ཚོའི་ཁྲོད་ཉམས་གསོ་བྱས་རྗེས་ཀྱི་མཆོད་ཁང་གི་ཕྱི་ཚུལ་ཐད་ལྟ་ཚུལ་གཅིག་མཐུན་བྱུང་མེད་པ་དང་། ཨར་སྐྲུན་ཆེ་མོ་བ་ཚོས་ཀྱང་2020ལོའི་ལོ་མཇུག་བར་ཉམས་བཟོ་བྱ་ཐབས་ཀྱི་གྲོས་མཐུན་སྒུག་ནས་སྡོད་དགོས། སྔོན་དཔག་བྱས་ན་ཉམས་གསོའི་ལས་གྲྭ་དེ་སྔ་ཤོས་ལ་ཡང་2021ལོར་གཞི་ནས་འགོ་འཛུགས་ཐུབ་རྒྱུ་རེད། 

 

  • གོང་མ་ཚང་གི་རྟ་ར་དང་རྟ་རྩལ་སློབ་གླིང་། 

 

     དབྱི་ཊ་ལིའི་ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་21ཉིན་ཏུའུ་ལིང་གྲོང་ཁྱེར་གྱི་གོང་མ་ཚང་གི་རྟ་ར་དང་རྟ་རྩལ་སློབ་གླིང་དུ་མེ་སྐྱོན་གློ་བུར་དུ་བྱུང་བ་དང་། གནས་ཚུལ་སྤེལ་བར་གཞིགས་ན། མེ་སྐྱོན་དེ་ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་21ཉིན་གྱི་ཞོགས་པའི་ཆུ་ཚོད་7དང་སྐར་མ་45ནས་འགོ་ཚུགས་ཤིང་། མེ་ཟོན་སྡེ་ཚན་ལ་སྙན་སེང་འབྱོར་རྗེས་ལས་ཡུལ་དུ་བསྐྱོད་དེ་མེ་གསོད་བྱ་བ་འགོ་བརྩམས་ཡོད། འོན་ཀྱང་མེ་འབར་ནས་ཆུ་ཚོད་གཉིས་ཙམ་སོང་བས་གོང་མ་ཚང་གི་རྟ་ར་དང་རྟ་རྩལ་སློབ་གླིང་གི་ཁང་ཐོག་ཁག་གཅིག་འཚིག་ནས་རྡིབ་ཅིང་། ནག་པོར་གྱུར་བའི་ཁང་པའི་སྒྲོམ་གཞི་ཁོ་ན་ལས་ལྷག་མེད། སྟབས་ལེགས་པ་ཞིག་ལ་མེ་ཤོར་བའི་དུས་ཚོད་ཅུང་སྔ་བ་དང་། དེ་དུས་ཕྱི་ཕྱོགས་ཀྱི་ལྟ་སྐོར་བར་སྒོ་ཕྱེ་མེད་པས་ས་གནས་ས་ཐོག་ཏུ་མི་ལ་རྨས་སྐྱོན་ཕོག་མེད་པ་རེད།

△ལྟེ་གནས་གོང་མ་ཚང་གི་རྟ་ར་དང་རྟ་རྩལ་སློབ་གླིང་དུ་མེ་སྐྱོན་བྱུང་བའི་སྔ་རྗེས་ཀྱི་བསྡུར་བའི་པར་རིས།

 

     ཏུའུ་ལིང་གྲོང་ཁྱེར་ལྟེ་བའི་གོང་མ་ཚང་གི་རྟ་ར་དང་རྟ་རྩལ་སློབ་གླིང་ནི་1740ལོར་བསྐྲུན་པ་དང་། དུས་རབས་17ནས་18བར་གྱི་ས་ཝོ་དབྱི་རྒྱལ་པོ་ཚང་གི་ཁྱིམ་རྒྱུད་བཞུགས་གནས་ཀྱི་ཆ་ཤས་ཤིག་ཡིན་པ་དང་། ཐོག་མར་རྒྱལ་རྒྱུད་ཀྱི་རྟ་ར་དང་རྟ་རྩལ་སྦྱོང་བརྡར་བྱེད་ས་ཡིན་པ་རེད། འཛུགས་སྐྲུན་དེ་འཛམ་གླིང་རིག་གནས་ཤུལ་བཞག་གི་གྲས་སུ་ཚུད་པ་དང་དེ་ནི་ས་གནས་དེ་གའི་ལོ་རྒྱུས་ཀྱི་གནའ་ཤུལ་གལ་ཆེན་ཞིག་རེད།

 

དེ་སྔོན་ཡང་འཛམ་གླིང་རིག་གནས་ཤུལ་བཞག་མང་པོ་མེ་སྐྱོན་ཁྲོད་བརླག་ཡོད།

 

     2008ལོའི་ཟླ་8པར། ལྗར་པན་ཅིང་ཏུའུ་གྲོང་ཁྱེར་གྱི་ཧྥུ་ཅན་ཁུལ་དུ་གནས་པའི་འཛམ་གླིང་རིག་གནས་ཤུལ་བཞག་དབང་སྐུར་དགོན་པའི་ཁོངས་གཏོགས་དབང་སྐུར་དགོན་པ་གོང་མར་མེ་སྐྱོན་བྱུང་སྟེ། སྒོ་རའི་ནང་གི་སྤྱན་རས་གཟིགས་ཀྱི་སྐུ་འདྲ་ཐོག་གཅིག་མ་དང་དེ་བཞིན་སྨི་ངོས་གྲུ་50ཟིན་པའི་ངལ་གསོ་ཁང་ཚང་མ་འཚིག་པ་དང་། ཐོ་རེངས་ཆུ་ཚོད་2དང་སྐར་མ་50ཡི་ཐོག་མེ་གསོད་ཐུབ་ཙམ་བྱུང་། ད་དུང་དེའི་ནང་གི་སྐུ་འདྲ་མང་པོ་འཚིག་ཡོད།

འཛམ་གླིང་རིག་གནས་ཤུལ་བཞག་དབང་སྐུར་དགོན་དང་། མེ་སྐྱོན་བྱུང་རྗེས་ཀྱི་དབང་སྐུར་དགོན།

 

     2010ལོའི་ཟླ་3པར་ཨུ་ཀན་ཏའི་རྒྱལ་ས་ཁན་ཕ་ལའི་གྲོང་འདབས་སུ་གནས་པའི་འཛམ་གླིང་རིག་གནས་ཤུལ་བཞག—རྒྱལ་པོ་ཁ་སུའུ་པིའི་བང་སོ་ཁང་ལ་མེ་ཤོར་ནས་་བང་སོ་ཁང་གི་འཛུགས་སྐྲུན་དངོས་པོ་མང་ཆེ་བ་འཚིག་པ།

 ཁ་སུའུ་པི་བང་སོའི་མེ་སྐྱོན་གྱི་སྔ་ཕྱིའི་བསྡུར་བའི་པར་རིས།

 

མེ་སྐྱོན་ཕུད། འཛམ་གླིང་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་ཐད་དཀའ་ཉེན་མང་པོ་འཕྲད་ཡོད།

 

     མེ་སྐྱོན་ཕུད་འཛམ་གླིང་རིག་གནས་ཤུལ་བཞག་ལ་ད་དུང་དམག་འཁྲུག་དང་ས་ཡོམ་སོགས་གནོད་འཚེ་སྣ་ཚོགས་ཀྱི་འཇིགས་སྐུལ་འཕྲད་ཡོད།

 

     2001ལོའི་ཟླ་3པར། ཆོས་ལུགས་ཀྱི་གནད་དོན་གྱི་རྐྱེན་གྱིས། ཨ་ཧྥུ་ཀ་ནི་སི་ཐན་གྱི་དྲག་པོའི་ཕྱོགས་ཁག་ཐ་ལི་པན་གྱིས་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་རྒྱལ་ཁབ་ཁག་གི་ངོ་རྒོལ་དྲག་པོར་མ་འཛེམས་པར་མེ་སྒྱོགས་དང་། འབར་རྫས། མེ་ཤུགས་འཕུར་མདའ་སོགས་དམག་འཁྲུག་གི་མཚོན་ཆ་སྣ་ཚོགས་སྤྱད་དེ་པ་སྨི་དབྱང་གི་སངས་རྒྱས་ཆོས་ལུགས་ཀྱི་སྐུ་འདྲ་ཡོད་ཚད་རྩ་མེད་དུ་བཏང་ཡོད།

△པ་སྨི་དབྱང་སངས་རྒྱས་ཀྱི་སྐུ་འདྲ་ཆེན་མོའི་སྔོན་རྗེས་ཀྱི་བསྡུར་རིས།

     2007ལོར་ཆི་ལིའི་མཚོ་འགྲམ་གྲོང་ཁྱེར་གྲགས་ཅན་ཝར་ཕ་ལའེ་སོར་རང་བྱུང་སོལ་རླངས་འབར་གས་བྱུང་བ་དང་འབར་གས་བྱུང་བའི་ཁྲོམ་གཞུང་དེ་2003ལོར་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གནས་རྩ་འཛུགས་ཀྱིས་འཛམ་གླིང་རིག་གནས་ཤུལ་བཞག་གི་གྲས་སུ་བཅུག་པ་དང་། འཛམ་གླིང་རིག་གནས་ཤུལ་བཞག་གི་གྲས་སུ་བཅུག་པའི་གནའ་བོའི་བཟོ་སྐྲུན་གཉིས་རྩ་མེད་དུ་གྱུར་བ་རེད།

△ཆི་ལིའི་མཚོ་འགྲམ་གྲོང་ཁྱེར་གྲགས་ཅན་ཝར་ཕ་ལའེ་སོར།

      2015ལོའི་ཟླ་4པར་ནེ་པ་ལར་ས་ཡོམ་རིམ་པ་8.1བརྒྱབ་ནས་འཛམ་གླིང་གི་རིག་གནས་ཤུལ་བཞག་འབོར་ཆེན་ལ་གཏོར་སྐྱོན་ཕོག་པ་དང་ཐ་ན་རྩ་མེད་དུ་བཏང་ཡོད། ཀ་ཏ་མན་རྡུའི་ལུང་ཤུར་གྱི་གཙོ་གནད་གནའ་ཤུལ་སྐྲུན་དངོས་14ཙམ་ལ་གཏོར་སྐྱོན་ཕོག་པ་དང་། ཀ་ཏ་མན་རྡུའི་ཏུའུ་པ་ཐང་ཆེན་གྱི་གནའ་ཤུལ་20%ཙམ་ལས་ལྷག་མེད་པ་རེད།

△ནེ་པ་ལའི་ཕོ་བྲང་རྙིང་པར་ས་ཡོམ་བྱུང་བའི་སྔ་ཕྱིའི་བསྡུར་བ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར། མིག་དམར་རྒྱལ་པོ།

中央广播电视总台 央广网 版权所有