ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

རྒྱ་གར་གྱིས་ཀྲུང་གོའི་མངའ་ཁོངས་ཁག་གཅིག་རྒྱ་གར་གྱི་ཁོངས་སུ་བརྩིས།

2019-11-01 15:41:00     责编:卓玛才让

     རྒྱ་གར་གྱིས་རྒྱལ་ནང་གི་བཅའ་ཁྲིམས་ལ་བཟོ་བཅོས་བརྒྱབ་ནས་ཀྲུང་གོའི་མངའ་ཁོངས་ཁག་གཅིག་རྒྱ་གར་གྱི་སྲིད་འཛིན་བདག་སྐྱོང་བྱེད་ཁོངས་སུ་བཅུག་ཡོད་པས། རང་རྒྱལ་ཕྱི་འབྲེལ་པུས་ཁྲིམས་འགལ་དང་ནུས་མེད་ཡིན་ཞེས་བརྗོད་པ།

    གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གར་སྲིད་གཞུང་གིས་ཟླ་10ཚེས་31ཉིན《ཁྲ་མོ་—ཀ་སྨིར་བསྐྱར་སྒྲིག་བཅའ་ཁྲིམས》དངོས་སུ་ལག་བསྟར་བྱས་ནས། “ཁྲ་མོ་དང་ཀ་ཤི་སྨིར་གྱི་ཀྲུང་དབྱང་ཐད་གཏོགས་མངའ་ཁོངས”དང“ལ་དྭགས་ཀྲུང་དབྱང་ཐད་གཏོགས་མངའ་ཁོངས”ཟེར་བ་བཙུགས་པ་ཁྱབ་བསྒྲགས་བྱས་ནས་ཀྲུང་གོའི་མངའ་ཁོངས་ཁག་གཅིག་རྒྱ་གར་གྱི་སྲིད་འཛིན་བདག་སྐྱོང་བྱེད་ཁོངས་སུ་བཅུག་ཡོད་པ་རེད། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་སྤྱི་ཚེས་31ཉིན་ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ཡི་མི་རང་བ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

△ ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་།

     ཀེང་ཧྲོང་གིས། རྒྱ་གར་གྱིས་ཕྱོགས་རྐྱང་པས་རྒྱལ་ནང་གི་བཅའ་ཁྲིམས་དང་སྲིད་འཛིན་ཁུལ་དབྱེ་སྟངས་ལ་བཟོ་བཅོས་རྒྱག་པའི་བྱེད་ཐབས་ལ་བརྟེན་ནས་ཀྲུང་གོའི་བདག་དབང་དང་ཁེ་དབང་ལ་འགྲན་སློང་བྱེད་ཀྱི་ཡོད། བྱེད་སྟངས་དེ་ནི་ཁྲིམས་འགལ་དང་ནུས་པ་མེད་པ་ཞིག་ཡིན་པས། འབྲེལ་ཡོད་ས་ཁུལ་ཀྲུང་གོའི་མངའ་ཁོངས་ཡིན་པའི་དོན་དངོས་ལ་འགྱུར་ལྡོག་གཏོང་མི་སྲིད་ལ་ནུས་པ་གང་ཡང་ཐོན་མི་སྲིད། ཀྲུང་གོ་ཕྱོགས་ཀྱིས་རྒྱ་གར་ཕྱོགས་ལ་ཀྲུང་གོ་ཕྱོགས་ཀྱི་མངའ་ཁོངས་བདག་དབང་ལ་བརྩི་འཇོག་ཏན་ཏིག་དང་ཕྱོགས་གཉིས་པོའི་དབར་བཞག་པའི་འབྲེལ་ཡོད་གྲོས་ཆོད་ལ་བརྩི་སྲུང་ནན་པོ་ཞུས་ནས། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱས་ཏེ་རྒྱལ་ཁབ་གཉིས་པོས་གནད་དོན་ཐག་གཅོད་འོས་འཚམ་བྱ་རྒྱུར་མཐུན་རྐྱེན་བསྐྲུན་དགོས་པའི་ལྕག་སྐུལ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

     ཀེང་ཧྲོང་གིས། ཀ་སྨིར་གནད་དོན་ཐད་ཀྱི་ཀྲུང་གོའི་ལངས་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་གསལ་པོ་ཡོད། གནད་དོན་དེ་ནི་ལོ་རྒྱུས་ཐོག་གི་རྩོད་གཞི་ཞིག་ཡིན་པས། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》དང་། འབྲེལ་ཡོད་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད། དེ་བཞིན་ཕྱོགས་གཉིས་པོའི་གྲོས་ཆོད་བཅས་ལ་གཞིགས་ནས་ཞི་བདེའི་རྣམ་པའི་ཐོག་ནས་ཐག་གཅོད་འོས་འཚམ་བྱེད་དགོས། འབྲེལ་ཡོད་ཕྱོགས་ཀྱིས་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་པ་བརྒྱུད་འབྲེལ་ཡོད་རྩོད་གཞི་ཐག་གཅོད་བྱས་ཏེ་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有