ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཛམ་གླིང་སྐར་ཁུང་།

དབྱིན་ཇིའི་ཟོག་འདྲེན་རླངས་འཁོར་ཞིག་གི་ནང་ནས་ཕུང་པོ་39རྙེད་པ།

2019-10-25 15:22:00     责编:卓玛才让

     དབྱིན་ཇིའི་སྨྱན་སྦྱོར་གྱིས་ཚེས་23ཉིན་གནས་ཚུལ་སྤེལ་བར་གཞིགས་ན། དབྱིན་ཇིའི་ཨའེ་སའེ་ཁེ་སིར་གནས་པའི་བཟོ་ལས་སྒོ་ར་ཞིག་ཏུ་ཟོག་འདྲེན་རླངས་འཁོར་ཞིག་གི་སྒམ་ནང་དུ་མི་39ཤི་ཡོད་པ་ཤེས་རྟོགས་བྱུང་ཡོད་ཅིང་། དེའི་ནང་གཞོན་ནུ་ལོ་ཆུང་ཞིག་ཀྱང་ཚུད་ཡོད་པ་རེད། ཨའེ་སའེ་ཁེ་སིའི་ཉེན་རྟོག་ཕྱོགས་ཀྱིས་རླངས་འཁོར་དེ་ནི་པུར་ཀ་རི་ཡ་ནས་ཡིན་པའི་ངོས་འཛིན་བྱས་ཡོད་ལ། ཚེས་19ཉིན་རླངས་འཁོར་དེ་ཝེར་ཧྲིའི་ཧོ་ལི་ཧེ་ཏེ་ནས་དབྱིན་ཇིར་ཡོང་བ་ཡིན་པ་བརྗོད།

མི་རོ་དྲངས་པའི་ཟོག་འདྲེན་རླངས་འཁོར།


དོན་རྐྱེན་གྱི་འཕེལ་རིམ་གསར་ཤོས།

     གནས་ཚུལ་སྤེལ་བར་གཞིགས་ན། ཚེས་23ཉིན་གྱི་ཐོ་རེངས་ཆུ་ཚོད་གཉིས་པ་ཙམ་དུ་ཉེན་རྟོག་ཕྱོགས་ལ་ཉེན་བརྡ་འབྱོར་རྗེས་ཉེན་རྟོག་པ་ཨའེ་སའེ་ཁེ་སིར་གནས་པའི་ཝོ་ཐེ་ཀེ་ལེ་ཏེའི་བཟོ་ལས་སྒོ་རར་བསྐྱོད་པ་དང་། ཟོག་འདྲེན་རླངས་འཁོར་གྱི་སྒམ་ནང་ནས་མིའི་ཕུང་པོ་39རྙེད་ཡོད་པ་རེད། མིག་སྔར་ས་ཁུལ་དེར་ཉེན་རྟོག་ཕྱོགས་ཀྱིས་བཀག་སྡོམ་བྱས་ཡོད་པ་དང་། ཐོག་མའི་གནས་ཚུལ་ལས་མངོན་པར་གཞིགས་ན། འདས་པོའི་ནང་མི་38ནི་མི་དར་མ་ཡིན་པ་དང་མི་གཅིག་ནི་གཞོན་ནུ་ལོ་ཆུང་ཡིན་པ་རེད། མིག་སྔར་ཨིར་ལན་བྱང་མ་ནས་ཡོང་བའི་ལོ་25ཡིན་པའི་ཁ་ལོ་བ་སྐྱེས་པ་ཞིག་ལ་ལྐོག་གསོད་ཀྱི་དོགས་གཞི་ཡོད་པས་ལོན་ཏོན་ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་བྱས་ཡོད་པ་རེད།

ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ།

     ཉེན་རྟོག་ཕྱོགས་ཀྱིས་བརྟག་དཔྱད་བྱས་པར་གཞིགས་ན། རླངས་འཁོར་དེ་ནི་པུར་ཀ་རི་ཡ་ནས་ཡོང་བ་ཡིན་ཞིང་། ཚེས་19ཉིན་ཝེར་ཧྲིའི་ཧོ་ལི་ཧེ་ཏེ་བརྒྱུད་དེ་དབྱིན་ཇིར་ཡོང་བ་ཡིན་པ་རེད།

     ཨའེ་སའེ་ཁེ་སིའི་ཉེན་རྟོག་ལས་ཁུངས་ཀྱི་འགོ་འཛིན་གཞོན་པ་ཕི་ཕ·སྨི་འར་སི་ཡིས། ཉེན་རྟོག་ཕྱོགས་ཀྱི་ལས་འགན་དང་པོ་ནི་གནོད་འཚེ་ཕོག་པའི་མི་དེ་དག་གི་ཐོབ་ཐང་རྩད་གཅོད་བྱ་རྒྱུ་དེ་ཡིན་པ་བརྗོད་ཡོད་ལ། ཆབས་ཅིག་གནས་ཚུལ་ཤེས་མཁན་མི་སྣས་ཟོག་འདྲེན་རླངས་འཁོར་དེ་དང་དེའི་འགྲོ་སྐྱོད་ལམ་ཐིག་དང་འབྲེལ་བའི་ཆ་འཕྲིན་མཁོ་འདོན་བྱ་རྒྱུའི་རེ་འབོད་བྱས་ཡོད།

ཉེན་རྟོག་པས་ཡུལ་དངོས་སུ་བརྟག་དཔྱད་བྱེད་བཞིན་པ།

     དབྱིན་ཇིའི་རླུང་འཕྲིན་ཀུང་སིས་ས་གནས་དེ་གའི་དུས་ཚོད་གཟའ་ཕུར་བུའི་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། དབྱིན་ཇིའི་ཉེན་རྟོག་ཕྱོགས་ཀྱིས་གཟའ་ལྷག་པའི་ཐོ་རེངས་སུ་དབྱིན་ཇིའི་ཨའེ་སའེ་ཁེ་སི་མངའ་སྡེ་ནས་རྙེད་པའི་ཟོག་འདྲེན་རླངས་འཁོར་གྱི་སྒམ་ནང་གི་མིའི་ཕུང་པོ་39དེ་དག་ཀྲུང་གོ་བ་ཡིན་པ་བཤད་ཡོད་པ་དང་། ཉེན་རྟོག་ཕྱོགས་ཀྱིས་ལོ་25ལ་སླེབས་པའི་རླངས་འཁོར་གྱི་ཁ་ལོ་བ་མོ་ལུའོ་པིན་ཤུན་ལ་མུ་མཐུད་འདྲི་རྩད་བྱེད་བཞིན་ཡོད་པ་རེད།

     ཡིན་ནའང་དབྱིན་ཇིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་ཚེས་24ཉིན་གསལ་བསྒྲགས་སྤེལ་ཏེ། གཞུང་ཚབ་ཁང་གིས་ཚེས་23ཉིན་ཨའེ་སའེ་ཁེ་སི་མངའ་སྡེར་ཐོན་པའི་ཟོག་འདྲེན་རླངས་འཁོར་གྱི་ཡ་ང་བའི་དོན་རྐྱེན་དེའི་ཐད་དབྱིན་ཇིའི་ཉེན་རྟོག་ཕྱོགས་དང་འབྲེལ་བ་བྱས་ཤིང་། དབྱིན་ཇིའི་ཉེན་རྟོག་ཕྱོགས་ཀྱིས་རྐྱེན་ལམ་དུ་ཤོར་བའི་མི་དེ་དག་གི་ཐོབ་ཐང་ལ་ཞིབ་དཔྱད་བྱེད་བཞིན་ཡོད་པ་དང་ཀྲུང་གོའི་རྒྱལ་ཁོངས་ཡིན་མིན་གཏན་འཁེལ་བྱེད་ཐབས་བྲལ་ཞེས་བརྗོད་ཡོད།

     གསལ་བསྒྲགས་ནང་གཞུང་ཚབ་ཁང་གིས་གཞུང་ཚབ་དོན་གཅོད་ལས་དོན་གྱི་འགན་འཁུར་བ་མངགས་ཏེ་ཨའེ་སའེ་ཁེ་སི་མངའ་སྡེར་འབྱོར་བ་མ་ཟད་དབྱིན་ཇིའི་ས་གནས་དེ་གའི་ཉེན་རྟོག་ཕྱོགས་དང་འབྲེལ་བ་བྱས་ཡོད་ཅེས་བརྗོད་ཡོད།


སྐྱི་གཡའ་བའི་གྱོད་དོན་དེ་ལྐོག་འདྲེན་དང་འབྲེལ་བ་ཡོད་དམ།

     དབྱིན་ཇིའི《ཉི་མའི་ཚགས་པར》གྱིས་སྐྱི་གཡའ་བའི་གྱོད་དོན་དེ་ལྐོག་འདྲེན་དང་འབྲེལ་བ་ཡོད་པར་འདོད་ཡོད། གཞན་ད་དུང་《ཉི་མའི་ཚགས་པར》ཐོག་དེ་ནི་2000ལོ་ནས་བཟུང་དབྱིན་ཇིར་བྱུང་བའི་མི་ངམ་པོ་རྐྱེན་ལམ་དུ་ཤོར་བའི་དོན་རྐྱེན་ཆེ་ཤོས་ཤིག་རེད་ཅེས་བརྗོད་ཡོད། དབྱིན་ཇིའི་གཞུང་ལམ་སྐྱེལ་འདྲེན་མཐུན་ཚོགས་ཀྱི་དབུ་བཞུགས་ལག་བསྟར་དཔོན་ལི་ཁྲ་ཏེ·པོ་ནེ་ཐེ་ཡིས་རླངས་འཁོར་གྱི་སྒམ་དེ་ནི་འཁྱག་ཉར་གྱི་མཛོད་ཅིག་དང་འདྲ་ཞིང་། དེའི་དྲོད་ཚད་ནི་ཧ་ལམ་-25C ལས་དམའ་བ་ཡོད་པས།“འཇིགས་སུ་རུང་བའི་གནས་ཞིག་རེད”ཅེས་བཤད་ཡོད།

     རླངས་འཁོར་ནང་བེམ་རོ་སྦས་པའི་གྱོད་གཞི་ཕྱིར་གྱར་རྗེས། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཡུའེ་ཧན་ཞུན་གྱིས་ཉེན་རྟོག་ཕྱོགས་ཀྱིས་མུ་མཐུད་དུ་བརྟག་དཔྱད་བྱ་རྒྱུ་ཡིན་པ་དང་། སྲིད་གཞུང་གིས་དེ་མ་ཉིད་དུ་དོན་རྐྱེན་གྱི་གནས་ཚུལ་ཆེས་གསར་ཤོས་ཤེས་རྟོགས་ཡོང་ཆེད། ནང་སྲིད་པུའུ་ཡིས་ཨའེ་སའེ་ཁེ་སི་ས་གནས་དེ་གའི་ཉེན་རྟོག་ཕྱོགས་དང་མཉམ་འབྲེལ་ཐོག་ལས་དོན་བསྒྲུབ་རྒྱུ་ཡིན་པ་བརྗོད་ཡོད་ལ། དེ་བཞིན་དབྱིན་ཇིའི་ནང་སྲིད་བློན་ཆེན་ཕུའུ་ལི་ཏི·ཕ་ཐེར་གྱིས་ཀྱང་ནང་སྲིད་པུའུ་ཡིས་གནས་སྤོས་ཡུལ་མི་དོ་དམ་སྡེ་ཚན་དང་མཉམ་དུ་གྱོད་གཞི་དེར་བརྟག་དཔྱད་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད།