ཟླ་ཕོཊ་ཕལ་ཆེར་དབུལ་ཕོངས་སློབ་མར་གནང་བའི་དགེ་རྒན་ཁོང་ལ་༼འཛམ་གླིང་དགེ་རྒན་བྱ་དགའ༽ཐོབ་འདུག
སྤེལ་བའི་དུས་ཚོད། : 2019-03-26 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཕྱི་རྒྱལ་སྨྱན་སྦྱོར་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། ཉེ་ལམ། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁེན་ནི་ཡའི་གྲོང་གསེབ་ཀྱི་དགེ་རྒན་ཐཱ་པི་ཆི་ (Peter Tabichi)ལགས་ཀྱིས་རང་གི་ཟླ་ཕོགས་མང་ཆེ་བས་དབུལ་ཕོངས་སློབ་མར་རོགས་སྐྱོར་གནང་བ་མ་ཟད། ཨ་ཧྥེ་རི་ཁའི་ཚན་རིག་སློབ་གསོ་གོང་དུ་སྤེལ་བར་འབད་པ་མཛད་པས། ༢༠༡༩ལོའི་༼འཛམ་གླིང་དགེ་རྒན་བྱ་དགའ་༽(Global Teacher Prize)ཁོང་ལ་ཐོབ་ཅིང་། བྱ་དགའི་དངུལ་ཨ་སྒོར་ས་ཡ་གཅིག་རག་ཡོད།

ལོ་ན་༣༦ཡིན་པའི་རྒན་ཐཱ་པི་ཆི་ལགས་ནི་ཁེན་ནི་ཡའི་ཕུའུ་ཡ་ནེ་ཞེས་པའི་གྲོང་ཚོའི་སློབ་འབྲིང་ཞིག་གི་རྩིས་རིག་དང་དངོས་ལུགས་དགེ་རྒན་ཡིན་ཞིང་། ཁོང་གིས་རང་གི་ཟླ་ཕོགས་ལས་བརྒྱ་ཆའི་༨༠ཙམ་གྱིས་དབུལ་ཕོངས་སློབ་མར་དཔེ་དེབ་དང་སློབ་གོས་སོགས་ཉོ་རོགས་བྱེད་བཞིན་ཡོད།

ལོ་ངོ་གསུམ་གྱི་རིང་། རྒན་ཐཱ་པི་ཆི་ཡིས་སློབ་ཁྲིད་གནང་བཞིན་པའི་སློབ་གྲྭ་དེའི་སློབ་མ་ལྡབ་གཅིག་མང་དུ་ཕྱིན་པ་མ་ཟད། སློབ་མ་ཁག་ཅིག་རྒྱལ་སྤྱིའི་ཚན་རིག་འགྲན་སྡུར་དུ་ཞུགས་པ་དང་། སློབ་མ་ཚོས་ས་དེའི་རྩི་ཤིང་ཞིག་ལ་བརྟེན་ནས་གློག་འདོན་པའི་ལག་རྩལ་ལ་དབྱིན་ཇིའི་གོང་མའི་རྫས་འགྱུར་རིག་པའི་སློབ་ཚོགས་ཀྱི་བྱ་དགའ་ཐོབ།

སློབ་གྲྭ་དེའི་བརྒྱ་ཆའི་༩༥ཡན་གྱི་སློབ་མ་དབུལ་ཕོངས་ཁྱིམ་ཚང་གི་བུ་ཕྲུག་ཡིན་ཞིང་། སུམ་ཆའི་གཅིག་ཙམ་དྭ་ཕྲུག་གམ་ཕ་མ་གཉིས་ལས་གཅིག་མ་གཏོགས་མེད་མཁན་ཡིན་པ་དང་། ཁྱིམ་ཚང་མི་ཉུང་བར་ཟས་ཟ་རྒྱུ་མེད་པ་སོགས་ཀྱི་དཀའ་ངལ་ལྡན་ཡོད། སློབ་མའི་ཁྲོད་མངལ་སྦྲུམ་མཁན་དང་སློབ་མཚམས་མི་འཇོག་ག་མེད་བྱུང་མཁན། སྨན་གང་བྱུང་དུ་འཐུང་མཁན་སོགས་ཡོད་པ་མ་ཟད། ཐ་ན་རང་སྲོག་གཅོད་མཁན་སོགས་ཀྱང་ཡོད་ལ། དེ་ལས་གཞན། སློབ་མ་ཁག་ཅིག་ཉིན་རེ་བཞིན་སྤྱི་ལེ་བདུན་ཙམ་རིང་རྐང་ཐང་དུ་སློབ་གྲྭར་ཡོང་དགོས་པ་མ་ཟད། ཆར་དུས་སུ་ལམ་ཆད་ནས་སློབ་གྲྭར་ཡོང་ཐབས་མེད་པ་རེད།

༼འཛམ་གླིང་དགེ་རྒན་བྱ་དགའ་༽ལ་སློབ་གསོའི་ལས་རིགས་ཀྱི་ནོ་པེལ་བྱ་དགའ་ཞེས་པའི་མཚན་སྙན་ཡོད་ཅིང་། བྱ་དགའ་དེ་དབྱིན་ཇིའི་རྒྱལ་ཁབ་ཀྱི་Varkeyཞེས་པའི་ཐེབས་རྩ་ཚོགས་པས་གཙོ་གཉེར་གནང་བ་དང་། དེའི་དམིགས་ཡུལ་ནི་འཛམ་གླིང་ཡོངས་ཀྱི་དགེ་རྒན་རྣམ་པས་སློབ་གསོར་བཞག་པའི་བྱས་རྗེས་ལ་གཟེངས་བསྟོད་དང་། ལྷག་པར་དུ་དབུལ་ཕོངས་ས་ཁུལ་གྱི་སློབ་གསོར་འགྱུར་བ་གཏོང་མཁན་གྱི་དགེ་རྒན་ལ་གཟེངས་བསྟོད་བྱེད་རྒྱུ་དེ་ཡིན།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
སྒྲིག་སྒྱུར། བདེ་ལྷ་མོ།