ཁོང་གིས་ཁ་ན་ཏ་སྲིད་གཞུང་ཞུ་གཏུག་བྱས་འདུག
སྤེལ་བའི་དུས་ཚོད། : 2019-03-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ས་གནས་དེ་གའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཧྭ་ཝེ་ཀུང་སིའི་དབུ་བཞུགས་ནོར་དོན་དཔོན་མེང་ཝན་ཀྲོའུ་ཡི་ཁྲིམས་རྩོད་པས་ཁ་ན་ཏ་སྲིད་གཞུང་དང་ཁ་ན་ཏའི་མཐའ་མཚམས་ཞབས་ཞུ་ལས་ཁུངས། རྒྱལ་ཕྲན་མཉམ་འབྲེལ་ཉེན་རྟོག་བཅས་ཞུ་གཏུགས་བྱས་ཤིང་། ཁོ་ཚོས་གསལ་བཤད་ཅི་ཡང་མེད་པར་ཁོང་འཛིན་བཟུང་བྱས་ཤིང་སྔོག་བཤེར་དང་འདྲི་གཅོད་བྱས་པའི་བྱ་སྤྱོད་དེ་དག་གིས་ཁོང་གི་རྩ་ཁྲིམས་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཡོད་ཚུལ་སོགས་སྐྱོན་འདོན་ཞུ་གཏུགས་བྱས་ཡོད།

  སྤྱི་ལོ༢༠༡༨ལོའི་ཟླ་༡༢པའི་ཚེས་༡ཉིན་ལྕམ་མེང་ཝན་ཀྲོའུ་གནམ་གྲུར་བསྡད་དེ་ཝུན་ཀེ་ཧྭའི་མངའ་ཁོངས་སུ་སླེབས་སྐབས་ཁ་ན་ཏའི་ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་བྱས་པ་རེད། ཁ་ན་ཏའི་ཕྱོགས་ཀྱིས་ཨ་རིའི་བླང་བྱ་དང་ཁ་ན་ཏ་དང་ཨ་རིའི་བར་གྱི་ཁྲིད་སྐྱེལ་གྲོས་མཐུན་ལྟར་འཛིན་བཟུང་བྱས་པ་ཡིན་ཞིང་མིག་སྔར་ཁོང་གློད་གྲོལ་བཏང་ཟིན། སྤྱི་ཟླ་༣ཚེས་༦ཉིན་ཁོང་ཁྲིམས་སར་བཅར་རྒྱུ་ཡིན་ལ། ཁ་ན་ཏའི་ཕྱོགས་ཀྱི་ཁྲིམས་ཁང་གིས་ཨ་རིས་ཁོང་ཁྲིད་སྐྱེལ་བྱེད་ཆོག་མིན་ཐད་ལ་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།

  སྤྱི་ཟླ་༣ཚེས་༢ཉིན་ཁ་ན་ཏར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་དྲ་ཚིགས་སུ་སྤེལ་བའི་གནས་ཚུལ་ལྟར་ན། ཀྲུང་གོའི་ཁ་ན་ཏར་བཅའ་སྡོད་གཞུང་ཚབ་ཁང་གི་མགྲིན་ཚབ་པས་ཁ་ན་ཏའི་ཁྲིམས་འཛིན་པུའུ་ཡིས་མེང་ཝན་ཀྲོའུ་གྱོད་དོན་གྱི་དབང་སྤྲོད་ལག་བསྟར་བཀའ་རྒྱའི་ཐད་ལ་གཏམ་གླེང་སྤེལ་ཡོད་པ་རེད།

  ཁ་ན་ཏའི་ཁྲིམས་འཛིན་པུའུ་ཡིས་བཏོན་པའི་མེང་ཝན་ཀྲོའུ་གྱོད་དོན་གྱི་དབང་སྤྲོད་ལག་བསྟར་བཀའ་རྒྱའི་ཐད་ཀྲུང་གོའི་ཕྱོགས་ཀྱིས་མི་འཐད་པའི་རྣམ་འགྱུར་བསྟན་ཏེ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཡོད། མེང་ཝན་ཀྲོའུ་ཡི་གྱོད་དོན་ནི་ཁྲིམས་འཛིན་གྱོད་དོན་སྤྱིར་བཏང་བ་ཞིག་མ་ཡིན་པར། དེ་ནི་ཀྲུང་གོའི་མཐོ་རིམ་ཚན་རྩལ་ཁེ་ལས་ཀྱི་ཆད་སྲིད་གནོད་འཚེ་ཞིག་ཡིན་ཏེ། ཕྱིས་སུ་བྱུང་བའི་དོན་དག་གི་འཕེལ་ཕྱོགས་ཀྱིས་དེར་བདེན་དཔང་བྱས་ཡོད་པ་རེད། ཁ་ན་ཏའི་ཕྱོགས་ཀྱིས་ཁྲིམས་འཛིན་རྩ་དོན་དང་ཁྲིམས་འཛིན་རང་དབང་སོགས་ལ་ཁ་གཡར་ནའང་ཁོ་ཚོས་མེང་ཝན་ཀྲོའུ་གྱོད་དོན་ཐད་ཀྱི་ནོར་འཁྲུལ་ལ་འགེབ་སྲུང་བྱ་ཐབས་བྲལ།

  དོན་རྐྱེན་དེ་ལས་མངོན་པའི་མངོན་གསལ་གྱི་ཆབ་སྲིད་ཐེ་གཏོགས་གནས་ཚུལ་ལ་གཞིགས་ན། གལ་ཏེ་ཁ་ན་ཏའི་ཕྱོགས་ཀྱིས་ཁྲིམས་འཛིན་རྩ་དོན་དང་ཁྲིམས་འཛིན་རང་དབང་ལ་བརྩི་སྲུང་བྱས་པ་ཡིན་ན། ཁོ་ཚོས་ཁ་ན་ཏའི་ཁྲིད་སྐྱེལ་ཁྲིམས་སྲོལ་གྱི་འབྲེལ་ཡོད་དོན་ཚན་ལྟར་ཨ་རིའི་ཁྲིད་སྐྱེལ་རེ་འདུན་དང་ལེན་མི་བྱེད་པར་འཕྲལ་དུ་མེང་ཝན་ཀྲོའུ་གློད་གྲོལ་གཏོང་དགོས་ཀྱི་ཡོད། ཁ་ན་ཏའི་ཁྲིམས་ཁང་གི་མཐའ་མའི་འདྲི་གཅོད་ཀྱི་མཇུག་འབྲས་ནི་ཁ་ན་ཏས་ཁྲིམས་འཛིན་རང་དབང་རྒྱུན་འཁྱོངས་བྱེད་ཐུབ་མིན་གྱི་ཞིབ་བཤེར་ཚད་གཞིར་གྱུར་ཡོད།

  དེ་སྔོན་སྤེལ་བའི་གནས་ཚུལ་ལྟར་ན། ཁ་ན་ཏའི་ཁྲིམས་འཛིན་སྡེ་ཁག་གིས་ས་གནས་དེ་གའི་སྤྱི་ཚེས་༡ཉིན་མུ་མཐུད་དུ་ཀྲུང་གོའི་སྤྱི་དམངས་མེང་ཝན་ཀྲོའུ་ཡི་ཁྲིད་སྐྱེལ་བྱ་བར་སྐུལ་འདེད་བྱེད་པའི་དཔང་ཉན་ཚོགས་འདུར་ཆོག་མཆན་གནང་ཡོད་པ་རེད།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།