འཛམ་གླིང་སྟེང་གི་ཆེས་ཆེ་བའི་བྲག་རྡོ་ཁེར་སྐྱེས་ཏེ་ཨའེ་ཨེར་སི་བྲག་རྡོ་ཆེན་པོ།
སྤེལ་བའི་དུས་ཚོད། : 2018-06-27 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཨོ་སི་ཁྲུ་ལི་ཡའི་དབུས་བྱང་ཁུལ་གྱི་ཨའེ་ལི་སི་གྲོང་ཁྱེར་གྱི་ནུབ་ལྷོའི་ཕྱོགས་སུ་སའི་གོ་ལའི་སྟེང་གི་ལྟེ་བ་ཞེས་པའི་བྲག་རྡོ་ཆེན་པོ་ཞིག་ཡོད། དེ་ནི་འཛམ་གླིང་གི་རང་བྱུང་མཛེས་ལྗོངས་ཆེན་པོ་བདུན་གྱི་ཡ་གྱལ་ཏེ་ཨའེ་ཨེར་སི་བྲག་རྡོ་ཆེན་པོ་རེད།

  ཨའེ་ཨེར་སི་བྲག་རྡོ་ཆེན་པོ་ལ་ཝུའུ་ལུའུ་ལུའུ་བྲག་རྡོ་ཞེས་ཀྱང་བརྗོད། ཝུའུ་ལུའུ་ལུའུ་ཞེས་པ་ནི་ས་དེའི་སྡོད་དམངས་ཀྱི་སྐད་ཡིན་ལ། ལྷའི་བྲག་རྡོ་ཆེན་པོ་ཞེས་པའི་དོན་ཡིན། བྲག་རྡོ་ཆེན་པོ་དེའི་ཞབས་ངོས་ནི་འཇོང་དབྱིབས་སུ་ཡོད་པས་བག་ལེབ་རིང་མོ་ཞིག་ས་རུ་བཞག་པ་དང་འདྲ། དེའི་མཐོ་ཚད་ལ་སྨིས348དང་། རིང་ཚད་ལ་སྨིས3000ཡོད། ཞབས་ངོས་ཀྱི་མཐའ་སྐོར་རིང་ཚད་ལ་ཕལ་ཆེར་སྟོང་སྨིས8.5དང་། མཚོ་ངོས་ལས་མཐོ་ཚད་སྨིས867ཡོད། ཤར་མཐོ་ལ་བོངས་ཆེ་བ་དང་། ནུབ་དམའ་ཞིང་རྒྱ་ཆུང་བ་དེ་ནི་འཛམ་གླིང་གི་ཆེས་ཆེ་བའི་བྲག་རྡོ་ཁེར་སྐྱེས་ཡིན།

  ཆེས་ངོ་མཚར་ཆེ་བ་ནི་ཨའེ་ཨེར་སི་བྲག་རྡོ་ཆེན་པོའི་ཁ་དོག་ནི་ཉིན་གཅིག་གི་དུས་ཡུན་ནང་ཉི་མའི་འོད་ཟེར་འཕྲོས་པའི་དུས་ཚོད་མི་འདྲ་བ་ལས་སྣ་ཚོགས་སུ་འགྱུར་བ་སྟེ། ཐོ་རངས་ཀྱི་དུས་སུ་བྲག་རྡོ་ཆེན་པོ་དེས་ཁ་དོག་ནག་པོའི་ཕྱུ་བ་རིང་བོ་ཞིག་གྱོན་པ་ལྟར་བྱིན་ཆགས་པའི་ངང་ས་གཞིའི་སྟེང་དུ་ཉལ་སྟབས་སུ་ཡོད་པ་དང་། ཉི་ཤར་གྱི་དུས་སུ་མདོག་དམར་སྐྱའི་ཕྱི་གོས་ཤིག་གྱོན་པ་དང་འདྲ་ལ། ཉིན་གུང་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་མདོག་ངང་སེར་ཅན་གྱི་དབྱར་ལྭར་བརྗེས་པ་དང་མཚུངས། ཉི་མ་ནུབ་དུས་བྲག་རྡོ་ཆེན་པོ་དེས་ཁ་དོག་རྣམ་པར་བཀྲ་བའི་སྨད་གཡོགས་ཤིག་བཀླུབས་པ་ལྟ་བུར་གཡའ་དག་པའི་ནམ་མཁའི་འོག་ཏུ་མེ་ལྕེ་ལྷབ་ལྷུབ་ཏུ་འབར་བའི་དོ་ཟླར་འཁུམས། མུན་ཡོངས་སུ་རུབ་ལ་ཉེ་དུས་བྲག་རྡོ་ཆེན་པོ་དེས་བྲེལ་བྲེལ་འཚུབ་འཚུབ་ངང་མདོག་ཁམ་སེར་ཅན་གྱི་དགོང་དྲོའི་གཟབ་གོས་ཤིག་གྱོན་པ་ཇི་བཞིན་དུ་མཆིས། དེ་ལྟ་བུའི་འགྱུར་བ་དེ་ཉིན་ཐོག་ཉིན་དང་ལོ་ཐོག་ལོ་བརྩེགས་ཀྱི་ཨའེ་ཨེར་སི་བྲག་རྡོ་ཆེན་པོས་སྐྱོ་ངལ་མེད་པར་མཛེས་ཤིང་དོ་ཟླ་བྲལ་བའི་དུས་གོས་འཁྲབ་སྟོན་བྱེད་བཞིན་ཡོད་པས། གནས་སྐོར་བ་དག་གི་མིག་གི་གསོས་སུ་གྱུར།

  ཨའེ་ཨེར་སི་བྲག་རྡོ་ཆེན་པོའི་མདོག་འགྱུར་བ་ལ་བཤད་ཚུལ་མི་འདྲ་བ་མང་བོ་ཡོད་མོད། ས་གཤིས་རིག་པ་བའི་འདོད་ཚུལ་ལྟར་ན། ཨའེ་ཨེར་སི་བྲག་རྡོ་ཆེན་པོའི་ཉིན་གཅིག་རིང་ཁ་དོག་སྣ་ཚོགས་སུ་འགྱུར་བའི་རྒྱུ་རྐྱེན་གཙོ་བོ་ནི། ལྕགས་ཀྱི་འདུས་ཚད་ཆེས་མཐོ་བའི་རྡེའུ་རིལ་དམར་བོས་གྲུབ་པ་དང་། ཕྱི་ངོས་ཀྱི་དབྱང་འགྱུར་རྫས་ལ་ཉི་འོད་ཕོག་ཚད་མི་འདྲ་བ་ལས་ཁ་དོག་ཀྱང་སྣ་ཚོགས་སུ་འགྱུར་བར་བཤད། གང་ལྟར། དེ་ལྟ་བུའི་ངོ་མཚར་བའི་ཁ་དོག་གི་འགྱུར་ཚད་དེས་ཨའེ་ཨེར་སི་བྲག་རྡོ་ཆེན་པོ་མི་རྣམས་ཀྱི་མཐོང་ལམ་དུ་མཛེས་ཤིང་ཡིད་དུ་འོང་བ་དང་ངོ་མཚར་བ་ཞིག་ཏུ་གྱུར་ཡོད་དོ།།