▶ཨེ་ཛིའི་ནད་དུག་འགོག་བཅོས་ཐུབ་པའི་སྨན་ཞིབ་འཇུག་བྱུང་བ།
སྤེལ་བའི་དུས་ཚོད། : 2018-04-28 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཤང་ཀང་སློབ་ཆེན་གྱིས་སྤྱི་ཟླ་༤ཚེས་༢༦ཉིན་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། སློབ་གྲྭ་དེའི་ལི་ཅ་ཁྲེང་གསོ་རིག་སློབ་གླིང་གི་སྐྱེ་དངོས་ཕྲ་རབ་རིག་པའི་སྡེ་ཁག་གི་ཨེ་ཛིའི་ནད་ཞིབ་འཇུག་ཁང་གིས་འགོ་ཁྲིད་པའི་ཞིབ་འཇུག་ཚོགས་པས་རྒྱུད་རྒྱུ་བཟོ་སྐྲུན་ལག་རྩལ་ལ་བརྟེན་ནས་ཨེ་ཛིའི་ནད་དུག་ཚོད་འཛིན་དང་དེ་བཅོས་ཐུབ་པའི་སྨན་གསར་པ་ཞིག་ཞིབ་འཇུག་བྱུང་ཡོད་ཅིང་། ཞིབ་འཇུག་དེ་བྱེད་ཡུལ་ནི་བྱི་བ་ཡིན་ལ། ཞིབ་འཇུག་འབྲ་བུ་དེ་འཛམ་གླིང་གི་སྐྱེ་དངོས་ཕྲ་རབ་ཀྱི་གསོ་བ་རིག་པའི་དུས་དེབ་གྲགས་ཅན་《ནད་ཐོག་སྨན་བཅོས་ཞིབ་འཇུག་དུས་དེབ་》ཅེས་པའི་ཐོག་སྤེལ་ཡོད་པ་རེད། 
      

 ཨེ་ཛིའི་ནད་ནི་ད་སྔ་རྩད་བཅོས་བྱེད་མི་ཐུབ་པའི་ནད་རིགས་ཤིག་ཡིན་ཞིང་། ནད་དེས་འཛམ་གླིང་ཁྱོན་ནས་མི་བྱེ་བ་༤ལྷག་ཙམ་གྱི་ཚེ་སྲོག་ཕྲོགས་ཡོད་པ་མ་ཟད། མི་བྱེ་བ་༣དང་ས་ཡ་༦ཙམ་ལ་ནད་དུག་དེ་འགོས་ཡོད་པ་དང་། དེ་ནི་རིམས་ནད་ཀྱི་ཁོངས་སུ་གཏོགས་པས་ད་དུང་མི་མང་པོར་འགོ་བའི་ཉེན་ཁ་ལྡན་པས། ནད་དེ་འགོག་བཅོས་ཐུབ་པའི་སྨན་ཞིབ་འཇུག་བྱེད་པར་དོན་སྙིང་གལ་ཆེན་ལྡན་ནོ།།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་སྒྲིག་པ། བསོད་ཚེ།