▶འབར་མའི་མཆོད་རྟེན་ཞིག་ཆུར་ནུབ་པས་མི་རྣམས་ཀྱིས་སྐྱོ་གདུང་ངང་ངུ་འབོད་བྱས།
སྤེལ་བའི་དུས་ཚོད། : 2017-07-26 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

    ཕྱིའི་སྨྱན་ལམ་ཁག་ཏུ་སྤེལ་བའི་གསར་འགྱུར་ལྟར་ན། ཉེ་ཆར་འབར་མར་དྲག་ཆར་གྱི་གནོད་འཚེ་ཐེབས་ཏེ། ས་ཁུལ་མི་ཉུང་བར་ཆུ་ལོག་བྱུང་ཡོད་པ་དང་། དབུས་ནུབ་རྒྱུད་ཀྱི་མཱ་ཀེའུ་མངའ་སྡེར་གནོད་འཚེ་ཐེབས་པ་ཅུང་ཚབས་ཆེན་ཡིན་པ་རེད། དྲག་ཆར་ཡུན་རིང་བབས་པར་བརྟེན་ཆུ་ངོགས་ཀྱི་ས་རྒྱུ་སོབ་སོབ་ཏུ་གྱུར་ཞིང་། དེར་བཞེངས་པའི་མཆོད་རྟེན་ཞིག་གི་རྨང་མ་བརྟན་པར་མཐར་ཆུ་ནང་དུ་ནུབ་འདུག 


  

 གསེར་མདོག་གི་མཆོད་རྟེན་དེ་ཆར་རླུང་དྲག་པོའི་ཁྲོད་སྐར་ཆ་༣༠ཙམ་གྱི་དུས་ཡུན་ནང་ཆུ་འོག་ཏུ་ནུབ་རྗེས། མཐའ་འཁོར་དུ་ཡོད་པའི་མི་རྣམས་འཇིགས་སྐྲག་དང་སྐྱོ་གདུང་གིས་ངུ་འབོད་བྱས་ཤིང་། མཆོད་རྟེན་ནུབ་སྐབས་ནང་དུ་མི་ཡོད་མེད་ད་དུང་ཤེས་རྟོགས་བྱུང་མེད།
   དགེ་འདུན་པ་ཞིག་གིས་གསུངས་པ་ལྟར་ན། མཆོད་རྟེན་དེ་ནི་སྤྱི་ལོ་༢༠༠༩ལོར་བཞེངས་ཤིང་། ཐོག་མར་བཞེངས་སྐབས་ཆུ་ངོགས་དང་བར་ཐག་ཅུང་རིང་པོ་ཡོད་མོད། ཡིན་ནའང་ཆུ་བོ་ལོ་རེ་བཞིན་རྒྱས་ཏེ་ཆུ་འགྲམ་གྱི་ས་སྟོང་མང་པོ་ཆུས་ཁེངས་ཤིང་མཐར་ཆུར་ནུབ་པའི་ཡིད་སྐྱོ་བའི་གནས་ཚུལ་འདི་བྱུང་བ་རེད།
    ཉེ་ལམ། འབར་མའི་དབུས་རྒྱུད་དང་ལྷོ་རྒྱུད་དུ་དྲག་ཆར་གྱི་གནོད་འཚེ་ཆེན་པོ་ཐེབས་ཡོད་པ་དང་། ད་ལོའི་ཟླ་བ་༧པ་ཁོ་ནར་མི་༢རྐྱེན་ལམ་དུ་ཤོར་བ་དང་མི་འབུམ་གཅིག་ལ་ཤུགས་རྐྱེན་ཐེབས་ཡོད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
རྩོམ་སྒྲིག་པ། བསྟན་འཛིན།