▶ལོ་བརྒྱ་ཕྲག་རིང་མཐོང་དཀའ་བའི་ཉི་འཛིན་གྱི་སྣང་ཚུལ་ངོ་མཚར་བ།
སྤེལ་བའི་དུས་ཚོད། : 2017-08-22 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

    ཨ་རིའི་དུས་ཚོད་ཀྱི་སྤྱི་ཟླ༨པའི་ཚེས༢༡ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠ཡས་མས་སུ་༼ཀྲུང་གོའི་དུས་ཚོད་ལྟར་ན་ཟླ༨པའི་ཚེས༢༢ཉིན་གྱི་ནམ་གུང་གི་ཆུ་ཚོད༡ཡས་མས་ཡིན།༽ ཨ་རིར་ལོ་ངོ་བརྒྱ་ཕྲག་རིང་མཐོང་དཀའ་བའི་ཉི་མ་ཧྲིལ་འཛིན་གྱི་སྣང་ཚུལ་ངོ་མཚར་བ་བྱུང་ཡོད་ཅིང་། ཐེངས་འདིའི་ཉི་མ་ཧྲིལ་འཛིན་གྱི་སྣང་ཚུལ་དེ་ཞི་བདེ་རྒྱ་མཚོའི་བྱང་ཤར་ས་ཁུལ་ནས་འགོ་བརྩམས་ཏེ་ཨ་རི་འཕྲེད་དུ་བརྒལ་ཞིང་ནུབ་རྒྱ་མཚོ་ཆེན་པོའི་དབུས་ཁུལ་ནས་མཇུག་རྫོགས་འདུག


ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
རྩོམ་སྒྲིག་པ། བསོད་ནམས་འཚོ།


ཞར་བཀོད། ཉི་འཛིན་དང་ཟླ་འཛིན་འབྱུང་ཚུལ།

   ཟླ་འཛིན་དང་ཉི་འཛིན་ཇི་ལྟར་འབྱུང་ཚུལ་ནི། གོང་དུ་བཤད་པ་ལྟར་སའི་གོ་ལས་ཉི་མར་གཡོན་བསྐོར་དང་། ཟླ་བས་སའི་གོ་ལའི་གར་འགྲོའི་རྗེས་སུ་འབྲངས་ནས་གཡོན་སྐོར་བྱེད་བཞིན་དུ་ཉི་མར་བསྐོར་ནས་འཁོར་སྐབས་སའི་གོ་ལ་དེ་ཉིད་ཉི་མ་དང་ཟླ་བའི་བར་གྱི་དྲང་ཐིག་གཅིག་གི་ཐོག་ཏུ་སླེབ་ཚེ་ཟླ་ངོས་སུ་ཕོག་རྒྱུའི་ཉི་འོད་དེ་སའི་གོ་ལས་བསྒྲིབས་ཏེ་སའི་གོ་ལའི་གྲིབ་ནག་ཟླ་ངོས་སུ་ཕོག་པའམ་ཟླ་བ་སའི་གོ་ལའི་གྲིབ་ཁུང་དུ་འཛུལ་བ་ལས་སའི་གོ་ལའི་སྟེང་ནས་བལྟས་ན་ཟླ་འཛིན་གྱི་སྣང་ཚུལ་འབྱུང་གི་ཡོད། འདི་ནི་ཉི་འོད་ཕོག་པའི་ཟླ་ངོས་སའི་གོ་ལར་བསྟན་སྐབས་མ་གཏོགས་འབྱུང་ཚུལ་མེད་པས་དུས་ཚོད་ནི་བོད་རྩིས་ཀྱི་ཡར་ཚེས་15ནང་ཙམ་ཁོ་ན་དང་། དེ་ཡང་ཉི་འོད་འགྲིབ་ཆེ་ཆུང་ངམ་ཡང་ན་ཟླ་བ་སའི་གོ་ལའི་རང་གྲིབ་དང་ཕྱེད་གྲིབ་ནང་ཚུད་ཚུལ་ལས་ཟླ་བ་ཆ་འཛིན་དང་ཧྲིལ་འཛིན་སོ་སོར་འབྱུང་བ་ཡིན།གལ་ཏེ་གོ་ལ་གསུམ་གྱི་འཁོར་བགྲོད་དེ་ལྟར་ཡིན་པའི་སྐབས་སུ་ཟླ་བའི་གོ་ལ་དེ་ཉིད་ཉི་མ་དང་སའི་གོ་ལའི་བར་གྱི་དྲང་ཐིག་གཅིག་གི་ཐོག་ཏུ་སླེབ་ཚེ་སའི་གོ་ལའི་ངོས་སུ་ཕོག་རྒྱུའི་ཉི་འོད་དེ་ཟླ་བའི་གོ་ལས་བསྒྲིབས་ཏེ་ཟླ་བའི་གོ་ལའི་གྲིབ་ནག་སའི་གོ་ལའི་ངོས་སུ་ཕོག་གི་ཡོད།སྐབས་དེར་གྲིབ་ནག་གི་གནས་སུ་ཡོད་པའི་མི་ཚོས་ཉི་འཛིན་གྱི་སྣང་ཚུལ་མཐོང་གི་ཡོད། དེ་ཡང་ཉི་འོད་འགྲིབ་ཆེ་ཆུང་ངམ་ཡང་ན་ཟླ་བའི་རང་གྲིབ་ནང་ནས་ཉི་མ་ཧྲིལ་འཛིན་དང་ཕྱེད་གྲིབ་ནང་ནས་ཉི་མ་ཆ་འཛིན་མཐོང་བ་ཡིན་ལ། ཉི་འོད་མེད་པའི་ཟླ་ངོས་སའི་གོ་ལར་བསྟན་སྐབས་མ་གཏོགས་འབྱུང་ཚུལ་མེད་པས་དུས་ཚོད་ནི་བོད་རྩིས་ཀྱི་མར་ཚེས་30ནང་ཙམ་ཁོ་ནར་ངེས་པ་ཡིན། 


  

 སྤྱིར་ཟླ་ངོ་རེ་རེའི་ནང་ནས་སའི་གོ་ལ་དེ་ཉིད་ཉི་མ་དང་ཟླ་བའི་བར་དུ་ཐེངས་གཅིག་དང་ཟླ་བའི་གོ་ལ་དེ་ཉིད་ཉི་མ་དང་སའི་གོ་ལའི་བར་དུ་ཐེངས་གཅིག་རེ་ཡོང་མོད། ཟླ་ངོ་རེ་རེ་བཞིན་ཉི་འཛིན་དང་ཟླ་འཛིན་མི་འབྱུང་བའི་རྒྱུ་མཚན་ནི་གོ་ལ་གསུམ་གྱི་འཁོར་བགྲོད་སྐབས་ཕལ་ཆེ་བར་ཕན་ཚུན་ནམ་གོང་འོག་བཟུར་ནས་འགྲོ་བ་ལས་དྲང་ཐིག་གཅིག་གི་ཐོག་ཏུ་མི་སླེབ་པས་ཡིན་ནོ། །

ཡོང་ཁུངས། བོད་ཀྱི་སློབ་འབྲིང་དྲ་བ།
རྩོམ་པ་པོ། འདན་ཤུལ་ཚེ་དབང་བཀྲ་ཤིས།