རྒྱ་གར་གྱི་དམག་མི་༤༠ལྷག་སྔར་བཞིན་ཁྲིམས་འགལ་ངང་ས་མཚམས་བརྒལ་ནས་བསྡད་ཡོད་པ།
སྤེལ་བའི་དུས་ཚོད། : 2017-08-03 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

མི་དམངས་དྲ་བའི་ཐོག་སྤེལ་བའི་གནས་ཚུལ། སྤྱི་ཟླ་༨པའི་ཚེས་༢ཉིན། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡིས་༼རྒྱ་གར་མཐའ་སྲུང་དཔུང་སྡེས་ཀྲུང་གོ་དང་རྒྱ་གར་ས་མཚམས་ཀྱི་འབྲས་ལྗོངས་དུམ་མཚམས་བརྒལ་ཏེ་ཀྲུང་གོའི་ས་ཁོངས་སུ་འཛུལ་བའི་དོན་དངོས་དང་ཀྲུང་གོའི་ལངས་ཕྱོགས་༽ཞེས་པའི་ཡིག་ཆ་ཁྱབ་བསྒྲགས་བྱས་པ་དང་། ༼ཡིག་ཆའི་༽ནང་། སྤྱི་ལོ་༢༠༡༧ལོའི་ཟླ་བ་༦པའི་ཚེས་༡༦ཉིན། ཀྲུང་གོས་དོང་ལམ་ས་ཁུལ་དུ་ལམ་བུ་བཟོས་པ་དང་། སྤྱི་ཟླ་༦པའི་ཚེས་༡༨ཉིན། རྒྱ་གར་མཐའ་སྲུང་དཔུང་སྡེའི་དམག་མི་༢༧༠ལྷག་ཙམ་གྱིས་གོ་མཚོན་ཁྱེར་ཞིང་ས་འཕུལ་འཕྲུལ་འཁོར་གཉིས་བཏང་ནས། རྡོ་ཁ་ལའི་འབྲས་ལྗོངས་དུམ་མཚམས་ཀྱི་ས་མཚམས་ལས་རྨིད་༡༠༠བརྒལ་ཏེ། ཀྲུང་གོའི་མངའ་ཁོངས་སུ་འཛུལ་ནས་ཀྲུང་གོའི་ཕྱོགས་ནས་ལམ་བཟོ་རྒྱུར་བཀག་འགོག་བྱས་པ་དང་། དུས་བབ་ཛ་དྲག་པོ་བཟོས་ཡོད། རྒྱ་གར་མཐའ་སྲུང་དཔུང་སྡེའི་དམག་མི་མང་སྐབས་སུ་༤༠༠ལྷག་ཟིན་པ་དང་། དེ་དང་ཕྱོགས་མཚུངས་ས་འཕུལ་འཕྲུལ་འཁོར་གཉིས་བཏང་བ་དང་སྦྲ་གུར་གསུམ་ཁྱེར་ནས། ས་མཚམས་ལས་བརྒལ་ཚད་རྨིད་༡༨༠ལྷག་ཟིན་ཡོད། སྤྱི་ཟླ་༧པའི་ཟླ་མཇུག་བར་དུ། རྒྱ་གར་མཐའ་སྲུང་དཔུང་སྡེའི་དམག་མི་༤༠དང་ས་འདེད་འཕྲུལ་འཁོར་གཅིག་སྔར་བཞིན་ཀྲུང་གོའི་ས་ཁོངས་སུ་ཁྲིམས་འགལ་སྒོ་ནས་བསྡད་ཡོད་པ་རེད།

ཀྲུང་གོའི་ཕྱི་འབྲེལ་པུའུ་དང་། རྒྱལ་སྲུང་པུའུ། རྒྱ་གར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་བཅས་ཀྱིས་པེ་ཅིན་དང་རྡི་ལི་གསར་པར་སྔ་རྗེས་སུ་རྒྱ་གར་ལ་ཚིག་རྩ་ནན་པོས་སྐད་ཆ་ཐེངས་མང་བཤད་ནས། རྒྱ་གར་གྱིས་ཀྲུང་གོའི་མངའ་ཁོངས་ས་ཆ་ཆ་ཚང་ལ་བརྩི་འཇོག་བྱེད་པ་དང་། ས་མཚམས་ལས་བརྒལ་བའི་མཐའ་སྲུང་དཔུང་སྡེ་འཕྲལ་དུ་ཕྱིར་འཐེན་བྱ་དགོས་པའི་བླང་བྱ་དྲག་པོ་བཏོན་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།