འབྲུག་ཡུལ་གྱི་ས་ཁྲ་དང་གནས་ཚུལ་བསྡུས་བཀོད།
སྤེལ་བའི་དུས་ཚོད། : 2017-05-02 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

 

   བོད་ལྗོངས་ཀྱི་ལྷོ་ཕྱོགས་སུ་གནས་ཡོད་པའི་ཆོས་ལྡན་འབྲུག་གི་རྒྱལ་ཁབ་ནི་སྔ་ལོང་པ་དང་། ཤར་ཕྱོགས་པ། ལྷོ་མཚམས་པ་ཞེས་མི་རིགས་གཙོ་བོ་གསུམ་ལས་གྲུབ་པའི་རྒྱལ་ཁབ་ཅིག་དང་། མི་འབོར་༧༤༡་༨༢༢ ནང་བརྒྱ་ཆའི་ ༩༠ ནང་པ་ཡིན། འབྲུག་ཡུལ་དུ་རྫོང་ཁག༢༠དང་། གྲོང་བརྡལ་༢༠༥ ས་ཁྱོན་སྤྱི་ལེ་གྲུ་བཞི་མ་༤༧་༠༠༠བཅས་ཡོད་ཅིང་། ས་བབ་མཐོ་ཤོས་རྒྱ་མཚོ་ངོས་ནས་གངས་ཆེན་ཀུ་ལ་གངས་རི་བར་བརྐྱངས་ཁྲུ་༢༤༧༨༠དང་། དམའ་ཚད་རྒྱ་མཚོའི་ངོས་ནས་ལྷོ་ཕྱོགས་རྒྱ་ཐང་ཁུལ་བར་བརྐྱངས་ཁྲུ་༢༠༠བཅས་ཀྱི་མཚམས་སུ་གནས་ཡོད།
སྔ་ལོངས་པ་ནི་གནས་དེར་སྔ་མོ་ནས་སླེབས་མཁན་ཞེས་པའི་དོན་དང་འདིའི་རུས་རྒྱུད་བོད་པ་ཡིན། ཤར་ཕྱོགས་པ་ནི། ས་སྐྱེས་རྡོ་སྐྱེས་ཀྱི་མི་སྟེ་ཡུལ་མི་དང་པོ། ལྷོ་མཚམས་པ་ནི་ཉེ་རབས་ཀྱི་བོད་མི་བྱེས་པ་སོགས་ཡིན།

  

རྫོང་ཁག་ཉི་ཤུ་ནི། ༡ མགར་ས་དང་། ༢ སྤུ་ན་ཁ། ༣ ཐིམ་ཕུ། ༤ སྤ་རོ། ༥ ཧཱ། ༦ བསམ་རྩེ། ༧ ཆུ་ཁ། ༨ དར་དཀར་ནང་། ༩ དབང་འདུས་ཕོ་བྲང་། ༡༠ རྩི་རང་། ༡༡ ཀྲོང་གསར། ༡༢ གསར་སྤང་། ༡༣ བུམ་ཐང་། ༡༤ གཞལ་སྒང་། ༡༥ ལྷུན་རྩེ། ༡༦ མོང་སྒར། ༡༧ བཀྲིས་གཡང་རྩེ། ༡༨ པདྨ་དགའ་ཚལ། ༡༩ བཀྲིས་སྒང་། ༢༠ བསམ་གྲུབ་ལྗོངས་མཁར་བཅས་ཡིན།

   འབྲུག་རྒྱལ་ཁབ་ཀྱི་གཞུང་འབྲེལ་སྐད་ཡིག་ནི་རྫོང་ཁ་(བོད་ཡིག་)ཡིན་ཞིང་ཤུགས་ཆེ་བ་བོད་ཀྱི་བརྡ་རྙིང་ཡིན་པ་དང་། རྒྱལ་ས་ནི་ཐེམ་ཕུག་ཡིན།

 

 ད་ལྟའི་རྒྱལ་པོ་ནི་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་དང་། བཙུན་མོ་ཨ་ཞེ་རྗེ་བཙུན་པདྨ་བཅས་ཡིན།

   ཐོག་མར་སྤྱི་ལོ་དུས་རབས ༡༧ པའི་ནང་ལྷོ་མོན་ནམ་ལྷོ་མོན་ཁ་བཞི་གྲགས་པའི་ཡུལ་སྡེ་དེ་ཡུག་གཅིག་ཏུ་སྦྲེལ་རྗེས་འབྲུག་ཡུལ་ཞེས་ཐོགས། འོན་ཀྱང་སྤྱི་ལོ་དུས་རབས་ ༡༨ བར་འབྲུག་ཡུལ་དུ་ཕྱི་ནང་གི་དུས་ཟིང་མང་པོ་བྱུང་ཡང་། སྤྱི་ལོ་ ༡༨༨༢ ལོར་ཀྲོང་གསར་དཔོན་སློབ་མི་རྗེ་འཇིགས་མེད་རྣམ་རྒྱལ་མཆོག་གི་བུ་ཨོ་རྒྱན་དབང་ཕྱུག་གིས་ཕྱི་ནང་གི་དགྲ་བོ་ཚང་མ་ཚར་བཅད་རྗེས། འབྲུག་གི་ལྷ་མི་སྲིད་སྡེ་ཡོངས་ཀྱིས་མི་དབང་ཨོ་རྒྱན་དབང་ཕྱུག་མཆོག་འབྲུག་གི་རྒྱལ་པོར་བསྐོས།

  འབྲུག་རྒྱལ་དང་པོ། ཨོ་རྒྱན་དབང་ཕྱུག་གིས་སྤྱི་ལོ་༡༩༠༧ ནས་ ༡༩༢༦ བར་རྒྱལ་སྲིད་བསྐྱངས། འབྲུག་རྒྱལ་གཉིས་པ་འཇིགས་མེད་དབང་ཕྱུག་གིས་སྤྱི་ལོ་༡༩༢༦ནས་༡༩༥༢ བར་རྒྱལ་སྲིད་བསྐྱངས། འབྲུག་རྒྱལ་གསུམ་པ་འཇིགས་མེད་རྡོ་རྗེ་དབང་ཕྱུག་གིས་སྤྱི་ལོ་༡༩༥༢ ནས་ ༡༩༧༢ བར་རྒྱལ་སྲིད་བསྐྱངས། འབྲུག་རྒྱལ་བཞི་པ་འཇིགས་མེད་སེངྒེ་དབང་ཕྱུག་གིས་སྤྱི་ལོ་༡༩༧༢ ནས་ ༢༠༠༦བར་རྒྱལ་སྲིད་བསྐྱངས། འབྲུག་རྒྱལ་ལྔ་པ། འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་གིས་སྤྱི་ལོ་༢༠༠༦ནས་རྒྱལ་སྲིད་ཀྱི་འགན་བཞེས།

  

 ཡུལ་འདིར་སྤྱི་ལོ་དུས་རབས་༨པ་ནས་ནང་པའི་ཆོས་དར་བ་དང་། དུས་རབས་ ༡༧ པའི་ནང་ཆོས་སྲིད་གཉིས་ལྡན་གྱི་གཞུང་དང་། སྤྱི་ལོ་༡༩༠༧ ལོར་འབྲུག་རྒྱལ་བརྒྱུད་ཀྱི་རིང་ལུགས་དབུ་བརྙེས། སྤྱི་ལོ་༡༩༧༡ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་སུ་འཛུལ་ནས་འཐུས་མི་༡༢༨པ་དེར་གྱུར། སྤྱི་ལོ་༢༠༠༨ལོར་དམངས་གཙོའི་རིང་ལུགས་དབུ་བརྙེས་ནས་ལོ་དེར་འབྲུག་རྒྱལ་ལྔ་པའི་ཁྲི་འདོན་མཛད་སྒོ་དང་། འབྲུག་རྒྱལ་བརྒྱུད་རིང་ལུགས་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་དུས་དྲན་སྲུང་བརྩི་རྒྱས་པ་བྱས།

རྩོམ་ཁུངས། ཝེ་ཁེ་རིག་མཛོད།
རྩོམ་སྒྲིག་པ། དབྱངས་གསལ་པདྨ།