ཉེ་བའི་གཟའ་འཁོར་གཅིག་རིང་རྒྱལ་ཁབ་༣ལ་འཇིཊ་སྐུལ་འཇབ་རྒོལ་ཐེབས།
སྤེལ་བའི་དུས་ཚོད། : 2017-04-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཉེ་བའི་གཟའ་འཁོར་གཅིག་གི་རིང་། ཨུ་རུ་སུ་དང་སུའེ་ཏེན། ཨེ་ཇིབ་བཅས་རྒྱལ་ཁབ་གསུམ་ལ་གཅིག་རྗེས་གཉིས་མཐུད་ཀྱིས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་བ་དང་། མི་གྲངས་༡༠༠ལས་བརྒལ་བར་ཤི་རྨས་བཟོས་བས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་ཀྱི་ཡོད། འཇིགས་སྐུལ་འཇབ་རྒོལ་གྱི་རྐྱེན་ངན་ཟམ་མི་ཆད་པར་ཡང་ཡང་ཐོན་པས། འཇིགས་སྐུལ་རིང་ལུགས་ནི་མིའི་རིགས་སྤྱིའི་དགྲ་བོར་གྱུར་ཡོད།

ཇི་ལྟར་ནུས་ལྡན་གྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་དགོས་སམ། རྒྱལ་ཁབ་ཁག་གིས་རང་ངོས་ཀྱི་བདེ་སྲུང་དོགས་ཟོན་མཐོར་འདེགས་ལ་ཤུགས་སྣོན་རྒྱག་རྒྱུ་ནི་གལ་ཆེ་བ་ཞིག་ལོས་ཡིན་མོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འཐབ་ཕྱོགས་གཅིག་གྱུར་ཆགས་པ་དང་། མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ནི་དེ་བས་ཁ་ཚ་དགོས་གཏུག་ཡིན།

ཟླ་༤པའི་ཚེས་༣ཉིན། ཨུ་རུ་སུའི་ཧྲེང་པི་ཏེ་པའོ། མི་རྣམས་ཀྱིས་འབར་གས་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོ་རྣམས་ལ་མྱ་ངན་ཞུ་བཞིན་པ།

ཟླ་༤པའི་ཚེས་༣ཉིན་གྱི་ཕྱི་དྲོ། ཨུ་རུ་སུའི་ཧྲེང་པི་ཏེ་པའོ་ཡི་ས་འོག་ལྕགས་ལམ་དུ་འབར་གས་དོན་རྐྱེན་ཚབས་རྐྱེན་བྱུང་སྟེ། མི་༡༡རྐྱེན་ལམ་དུ་ཤོར་བ་དང་མི་༤༥རྨས་སྐྱོན་བཟོས། ཨུ་རུ་སུའི་སྤྱི་ཁྱབ་ཞིབ་དཔྱོད་ཁང་གིས་ཐེངས་འདིའི་འབར་གས་དོན་རྐྱེན་ནི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་དུ་ངོས་འཛིན་བྱས་ཡོད་པ་རེད།

སུའེ་ཏེན་གྱི་སི་ཐོག་ཁོར་མོའི་ལྗིད་ཐེག་རླངས་འཁོར་འཇབ་རྒོལ་དོན་རྐྱེན་བྱུང་སའི་ཉེ་འགྲམ་དུ། མི་རྣམས་ཀྱིས་ཡང་ལཱ་དང་མེ་ཏོག་བསྒྲིགས་ནས་མྱ་ངན་ཞུ་བཞིན་པ།

སྤྱི་ཟླ་༤ ཚེས་༧ཉིན། སུའེ་ཏེན་གྱི་རྒྱལ་ས་སི་ཐོག་ཁོར་མོ་གྲོང་ཁྱེར་གྱི་སྲང་ལམ་ཆེན་པོའི་ཟོག་ཉོ་ལྟེ་གནས་སུ་ལྗིད་ཐེག་རླངས་འཁོར་གྱིས་མི་ཚོགས་ལ་རྡུང་ཁ་བརྒྱབ་པའི་དོན་རྐྱེན་བྱུང་བ་དང་། ལྗིད་ཐེག་རླངས་འཁོར་ཞིག་གློ་བུར་མི་ཚོགས་ཁྲོད་བརྒྱུགས་ནས་མི་༤རྐྱེན་ལམ་དུ་ཤོར་ཡོད་པ་དང་མི་༡༥ རྨས་སྐྱོན་བཟོས་ཡོད་པ་རེད།

འཇབ་རྒོལ་ཐེབས་པའི་ཆོས་ཁང་ནང་།

སྤྱི་ཟླ་༤པའི་ཚེས་༩ཉིན། ཨེ་ཇིབ་བྱང་རྒྱུད་ཀྱི་གྲོང་ཁྱེར་ཐན་ཐ་དང་ཡ་ལེ་ཧྲན་ཏ་རུ་ཆོས་ཁང་ལ་དམིགས་པའི་འཇིགས་སྐུལ་འཇབ་རྒོལ་ཐེབས་པ་དང་། ཉུར་མཐར་ཡང་མི་༤༣རྐྱེན་ལམ་དུ་ཤོར་བ་དང་མི་༡༠༠ལྷག་ལ་རྨས་སྐྱོན་བཟོས་ཡོད་པ་རེད།

དོན་རྐྱེན་འདི་དག་ལ་གཞིགས་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ངེས་པར་དུ་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་དེ་ལག་བསྟར་བྱེད་མཁན་དང་སྒྲིག་འཛུགས་བྱེད་མཁན། མ་དངུལ་རོགས་སྐྱོར་བྱེད་མཁན། རྒྱབ་སྐྱོར་བྱེད་མཁན་བཅས་ཁྲིམས་ལ་སྦྱར་རྒྱུ་དང་། དུས་མཚུངས་སུ་རྒྱལ་ཁབ་ཡོངས་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ནང་གཏན་འབེབས་བྱས་པའི་འོས་འགན་ལྟར། འབྲེལ་ཡོད་རྒྱལ་ཁབ་ཀྱི་སྲིད་གཞུང་དང་མཉམ་ལས་ཧུར་ཐག་བྱེད་དགོས་པ་ནན་བཤད་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

རྩོམ་སྒྲིག་པ། བསྟན་འཛིན།